རྒྱལ་ཐང་གི་གཞས་ཚིག་ཁག་འགའ།

རྩོམ་པ་པོ།    བསོད་ནམས་ནོར་བུ་དང་ཚེ་རིང་ཉི་མས་བསྡུས།  ཡིག་བསྒྱུར།       དུས་ཚོད།   2017-04-10   རྩོམ་ཁུངས།   

བདུད་རྩི་སྐྱེམས་པ་ཞིམ་ཟེར་ཞིམ༎
ཨ་ལམ་འོག་ལམ་བར་ལམ་གསུམ༎
ཨ་ལམ་བླ་མའི་འགྲུལ་ལམ་སྣང་༎
བླ་མ་བསུ་བསུ་ཅི་ཡི་བསུ༎
བླ་མ་བསུ་བསུ་སྤོས་ཀྱི་བསུ༎
ཙན་དན་དྲི་མ་ཁྱབ་ཟེར་ཁྱབ༎

ཨ་ལམ་འོག་ལམ་བར་ལམ་གསུམ༎
འོག་ལམ་དཔོན་པོ་འགྲུལ་ལམ་སྣང་༎
དཔོན་པོ་བསུ་བསུ་ཅི་ཡིས་བསུ༎
དཔོན་པོ་བསུ་བསུ་དར་གྱིས་བསུ༎
དཀར་པོ་ཚ་ལོ་རུབ་ཟེར་རུབ༎

ཨ་ལམ་འོག་ལམ་བར་ལམ་གསུམ༎
བར་ལམ་ཕོ་ཁུ་འགྲུལ་ལམ་སྣང་༎
ཕོ་ཁུ་བསུ་བསུ་ཅི་ཡིས་བསུ༎
ཕོ་ཁུ་བསུ་བསུ་ཆང་གིས་བསུ༎
བདུད་རྩི་སྐྱེམས་པ་ཞིམ་ཟེར་ཞིམ༎

ཡར་ལ་མཆོད་པ་འབུལ་ཡིན།།
གནམ་ལ་ཆར་ཞིག་བབས་བྱུང་།།
གནས་ཕྱོགས་ལྷ་ཡི་རླུང་ཤུགས།།
ས་ལ་ལྗང་ཞིག་འཁྲུངས་བྱུང་།།
ཆར་དཔོན་ལྷ་མོའི་བྱིན་རླབས།།
ལྗང་ལ་འབྲས་ཤིག་འཁྲུངས་བྱུང་།།
འཇིག་རྟེན་མི་ཡི་བསོད་ནམས།།

ནས་དཀར་ཆང་ཞིག་བཙོས་ཡིན།
ཆང་མ་ཡེ་ཤེས་མཁའ་འགྲོ༎
བདུད་རྩིའི་ཕབ་ཅིག་བཏབ་བྱུང་།།
ནས་དཀར་ཆང་ལ་ཞིམ་བྱུང་།།
ཡར་ལ་མཆོད་པ་འབུལ་ཡིན།།

སེམས་པ་གཡང་ལ་སྐྱིད་བྱུང་།།
ཉི་མ་ཨེ་དྲོ་བསམ་སྟེ།།
རྒྱལ་སྒོ་ཤར་ལ་གཏད་ཡིན།།
ཉི་མ་དྲོ་ཡང་དྲོ་བྱུང་།།
སེམས་པ་གཡང་ལ་སྐྱིད་བྱུང་།།

ཟླ་བ་ཨེ་གསལ་བསམ་སྟེ།།
སྒེའུ་ཁུང་ལྷོ་ལ་ཕིགས་ཡིན།།
ཟླ་བ་གསལ་ཡང་གསལ་བྱུང་།།
སེམས་པ་གཡང་ལ་སྐྱིད་བྱུང་།།

ལོ་ཆུང་ཨེ་འཛོམ་བསམ་སྟེ།།
ལུས་ལ་རྒྱན་ཆ་སྤྲས་ཡིན།།
ལོ་ཆུང་འཛོམ་ཡང་འཛོམ་བྱུང་།།
སེམས་པ་གཡང་ལ་སྐྱིད་བྱུང་།།
གཞས་ར་ཨ་ལོང་སྒོར་སྒོར།།
ཤར་ཕྱོགས་རི་བོའི་རྩེ་ལ།།
གསེར་གྱི་ཉི་མ་ཤར་བྱུང་།།
འཛམ་བུ་གླིང་གཞིར་དྲོ་བྱུང་།།
ནུབ་ཕྱོགས་པད་མའི་ཐང་ལ།།
གཡུ་ཡི་ཟླ་བ་ཤར་བྱུང་།།
རྒྱལ་ཁམས་གྲོང་གཞིར་གསལ་བྱུང་།།
བྱང་ཕྱོགས་བྱམས་པའི་ལྷའི་ཡུལ།།
སྨིན་དྲུག་ཁྲ་་མོས་ཤར་བྱུང་།།
གསེར་བྱའི་མིང་སྲིང་འཛོམས་བྱུང་།།
ལྷོ་ཕྱོགས་འཛམ་བུའི་གླིང་ལ།།
འཇའ་ཚོན་སྣ་ལྔ་ཤར་བྱུང་།།
གཞས་ར་ཨ་ལོང་སྒོར་སྒོར།།

ཉ་ཞིག་གསེར་ཉ་འཁྲུངས་བྱུང་།།

ཆུ་བོ་དྭངས་པོ་འབབ་བྱུང་།།
གངས་རིའི་སྟེང་ལ་འབབ་བྱུང་།།
ནག་རིའི་སྐེད་ལ་རྒྱུག་བྱུང་།།
སྤང་ལྗོངས་སྟེང་ལ་འཛོམས་བྱུང་།།
སྔོན་པོའི་རྒྱ་མཚོ་ཆགས་བྱུང་།།
སྔོན་པོའི་རྒྱ་མཚོའི་ནང་ལ།།
ཉ་ཞིག་གསེར་ཉ་འཁྲུངས་བྱུང་།།
སེམས་པ་གཡང་ལ་སྐྱིད་བྱུང་།།