གྲོས་གཞི་འདོན་ཡིག

རྩོམ་པ་པོ།   ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

བོད་བརྒྱུད་ནང་བསྟན་གྱི་ལས་རོགས་དང་གྲོགས་པོ་རྣམས་པ།

     དེ་རིང་། ང་ཚོ་དགོན་ཁག་10དང་གྲྭ་བཙུན་30ལ་ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཆམ་མཐུན་དགོན་པ་གསར་བསྐྲུན་བྱ་འགུལ་ཁྲོད་ཀྱི་སྔོན་ཐོན་དགོན་པ་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་དེ། ཏང་དང་སྲིད་གཞུང་གིས་ང་ཚོར་བྱིན་པའི་མཚན་སྙན་རླབས་ཆེན་ཞིག་ཡིན་པ་མ་ཟད། ང་ཚོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོར་གདེང་འཇོག་འདང་ངེས་བྱས་པའང་རེད། ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པའི་དུས་མཚུངས་སུ་འགན་འཁྲིའང་ཇེ་ལྗིད་དུ་འགྲོ་ཡོད་པས། ང་ཚོས་ངེས་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཤིང་། འབད་བརྩོན་གྱིས་དགོན་སྡེ་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཡུལ་གཙོ་བོར་འཛུགས་བསྐྲུན་བྱེད་པ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་འཇུག་ངོགས་གཙོ་བོ་དང་། མཐུན་སྒྲིལ་གྱིས་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེར་འཛུགས་བསྐྲུན་བྱེད་རྒྱུ་ཡིན། འདིར་ང་ཚོས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དགོན་སྡེ་དང་གྲྭ་བཙུན་གྱི་ཚབ་བྱས་ནས་རང་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལས་རོགས་རྣམས་ལ་གྲོས་གཞི་གཤམ་ལྟར་འདོན་རྒྱུ་ཡིན།

 དང་པོ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཞིང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པར་སྲུང་འཛིན་བྱེད་དགོས། རྒྱལ་གཅེས་ནི་དད་པའི་ཆ་ཤས་ཡིན་པས་ང་ཚོས་བོད་བརྒྱུད་ནང་བསྟན་གྱི་ཡུན་རིང་ལོ་རྒྱུས་ཁྲོད་དུ་ཆགས་པའི་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་ཞུ་བྱེད་པའི་སྲོལ་རྒྱུན་བཟང་པོ་དག་འདོན་སྤེལ་གཏིང་ཟབ་བྱས་ནས་དར་སྤེལ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཞིང་། རྒྱལ་གཅེས་དམངས་ཕན་གྱི་འདུན་པ་བཅངས་ཤིང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པར་སྲུང་འཛིན་བྱེད་པ་དང་། བསམ་བློ་ཐོག་ཏང་དང་གཅིག་མཐུན་ཡིན་པ། དམིགས་ཡུལ་ཏང་དང་གཏད་སོ་གཅིག་མཐུན་ཡིན་པ། བྱ་སྤྱོད་ཏང་དང་གོམ་འགྲོས་གཅིག་མཐུན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྲ་བརྟན་འགྱུར་མེད་ངང་ཕྱིན་དགོས། 

     གཉིས་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་ཞུ་བྱས་ནས་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་ཁྲོད་ནུས་པ་ཧུར་ཐག་འདོན་དགོས། རྒྱལ་ཁབ་སྟོབས་དང་ལྡན་ན་ཆོས་ལུགས་ད་གཟོད་དར་ཐུབ་པས་བོད་བརྒྱུད་ནང་བསྟན་གྱི་རང་སའི་འཕེལ་རྒྱས་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་གཅིག་གྱུར་སྟོབས་ཆེན་དང་། མི་རིགས་མཐུན་སྒྲིལ་དར་རྒྱས། མི་དམངས་ཕྱུག་གྱུར་འཆམ་མཐུན་དུ་གཏང་རྒྱུ་དེ་རང་གི་འགན་འཁྲིར་འཛིན་ནས། རྒྱ་ཆེའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་ནུས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པ་དང་། ཀྲུང་གོའི་རེ་འདུན་མངོན་འགྱུར་བྱུང་བའི་དམིགས་ཡུལ་ཐོག་ཏུ་འགྲིལ་ཞིང་། ཞིང་ཆེན་ཡོངས་སུ་འཕེལ་རྒྱས་མགྱོགས་མྱུར་གཏོང་ཞིང་། ཕྱོགས་བསྒྱུར་ལས་ཀ་མགྱོགས་མྱུར་སྤེལ་བ་དང་། མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་བའི་ལོ་རྒྱུས་ཀྱི་ཚ་རླབས་ཁྲོད། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ལ་ཞབས་ཞུ་བྱས་པ་དང་། མི་ཚོགས་ལ་ཕན་ཆ་བཏགས་པའི་འཇུག་ངོགས་གོ་ཆོད་འཚོལ་ནས། དགེ་བ་སྒྲུབ་གང་ཐུབ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པར་སྐུལ་བར་བྱས་རྗེས་གསར་པ་འཇོག་དགོས།

 གསུམ་ནི་རང་སའི་འཛུགས་བསྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་བདེ་ཐང་ངང་འཕེལ་རྒྱས་ཕྱིན་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་འདུ་ཤེས་དང་། བཅའ་ཁྲིམས་འདུ་ཤེས། སྤྱི་དམངས་འདུ་ཤེས་སྲ་བརྟན་དུ་བཏང་ནས། ཆོས་དད་རང་མོས་ཀྱི་དབང་ཆ་མྱོང་རོལ་བྱས་ཞོར། རང་འགུལ་གྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་བྱས་ཤིང་། ཁྲིམས་ལུགས་ཀྱི་ཆོག་མཆན་ཡོད་པའི་ཁོངས་སུ་ཆོས་ལུགས་བྱ་འགུལ་སྤེལ་བ་དང་། ཧུར་ཐག་གིས་གཏོར་བརླག་སྟོབས་ཤུགས་ཀྱི་སིམ་འཛུལ་གཏོར་བརླག་བྱ་འགུལ་ལ་ངོ་རྒོལ་བྱེད་དགོས། ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་པ་དང་། སྡོམ་པ་འཛིན་པའི་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས། འབད་བརྩོན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཞུང་དོན་དང་། ཀུན་སྤྱོད་རིག་གནས་ཁྲོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྨན་པའི་ལེགས་ཆ་དག་འདོན་སྤེལ་བྱས་ཏེ།  བོད་བརྒྱུད་ནང་བསྟན་གྱི་གཞུང་དོན་དག་ལ་དུས་རབས་ཀྱི་རེ་འདུན་དང་འཚམ་པའི་རྒྱས་འགྲེལ་བྱེད་དགོས།  སྒྲིག་སྲོལ་དང་ལམ་ལུགས་ཁག་འཛུགས་ཤིང་འཐུས་ཚང་དུ་བཏང་ནས། རང་སའི་དོ་དམ་ཤུགས་ཆེར་བཏང་ཞིང་རང་གཅུན་ཤུགས་ཆེར་བཏང་བ་དང་། ནང་གི་བྱང་ཚད་དང་ཕྱིའི་རྣམ་པ་གཉིས་ཀྱི་ཐོག་ནས་འཛུགས་བསྐྲུན་བྱས་ནས་འཆམ་མཐུན་དགོན་པ་འཛུགས་བསྐྲུན་བྱེད་ཅིང་། ཚད་མཐུན་གྱི་མི་སྣ་གསོ་སྐྱོང་བྱེད་དགོས། ཆོས་ལུགས་འབྲེལ་བ་འཆམ་མཐུན་འཛུགས་ཤིང་། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་དགོས། 

     བཞི་ནི་འཆམ་མཐུན་འདུ་ཤེས་དར་སྤེལ་བཏང་ནས། འཆམ་མཐུན་གྱི་དགོན་པའི་འབྲེལ་བ་འཛུགས་བསྐྲུན་བྱེད་མཁན་བྱེད་དགོས། སྣ་མང་མཉམ་གནས་བྱེད་པའི་རིག་གནས་སྲོལ་རྒྱུན་དང་ཆོས་ལུགས་འཆམ་མཐུན་གྱི་འདུ་ཤེས་འཛིན་ནས། གཞུང་དོན་ཐོག་ཕན་ཚུན་བརྩེ་འཇོག་བཞག་པའི་རྩ་དོན་བཅངས་ནས། ཆོས་ལུགས་འདྲ་མིན་བར་གྱི་མི་འདྲ་སར་ཁས་ལེན་བྱེད་དེ། ཕན་ཚུན་བརྩེ་འཇོག་དང་།དྲང་མཉམ་གྱིས་མཉམ་གནས་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་འོག་ཕན་ཚུན་སྤེལ་རེས་དང་བརྩེ་འཇོག་བྱེད་ཤུགས་ཇེ་ཆེར་བཏང་ནས་འབད་བརྩོན་གྱིས་དགོན་པ་དང་། གྲྭ་བཙུན། དད་ལྡན་མང་ཚོགས་བར་གྱི་མཐུན་སྒྲིལ་ཇེ་ཆེར་གཏོང་དགོས། ཆོས་ལུགས་ཀྱི་མི་འདྲ་བའི་ལྟ་བར་ཁ་གཡར་ནས་འགལ་བ་དང་དོན་རྐྱེན་སློང་མི་ཆོག ཆོས་ལུགས་ཨུ་ཚུགས་ཅན་དང་འཚབ་སྐྱོད་ཅན་ལ་ངོ་རྒོལ་བྱས་པ་དང་། ཆོས་ལུགས་ཀྱི་མིང་ཁྱེར་ནས་གཞན་གྱི་ཁེ་དབང་དང་སྤྱི་ཚོགས་ཁེ་ཕན་ལ་གནོད་པ་སྐྱེལ་བར་ངོ་རྒོལ་བྱེད་པ། མངའ་ཁོངས་ནང་གི་དགྲ་ཟླའི་སྟོབས་ཤུགས་ཀྱིས་ཆོས་ལུགས་ལ་ཁ་གཡར་ནས་སྤྱི་ཚོགས་ལྷིང་འཇགས་ལ་གཏོར་བརླག་བཏང་བ་དང་། མི་རིགས་མཐུན་སྒྲིལ་དང་མེས་རྒྱས་གཅིག་གྱུར་གཏོར་བརླག་གཏོང་བར་ངོ་རྒོལ་བྱས་ནས། རང་འགུལ་གྱིས་ཁ་བྲལ་རིང་ལུགས་དང་མཚམས་གསལ་པོ་གཅོད་དགོས། 

     ང་ཚོས་ཧུར་ཐག་གིས་བྱ་བ་སྒྲུབ་ནས། བློ་གཅིག་སེམས་གཅིག་བྱས་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་ལྷིང་འཇགས་ལ་སྲུང་འཛིན་བྱེད་པ་དང་། མཉམ་དུ་ཡུན་ནན་གྱི་མཛེས་སྡུག་བོད་ཁུལ་འཛུགས་བསྐྲུན་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས།                          

 གཟེངས་བསྟོད་ཐོབ་པའི་དགོན་པ་དང་གྲྭ་བཙུན་ནས།                                    2013ལོའི་ཟླ་5པའི་ཚེས་22ཉིན།