ཞིས་ཅིན་ཕིང་གིས་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་ལས་དོན་པའི་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།


        ཟླ་5ཚེས་17ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་།ལི་ཁེ་ཆང་།ལིའུ་ཡུན་ཧྲན།ཀྲང་ཀའོ་ལི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་ལས་དོན་པའི་འཐུས་མིར་མཇལ་འཕྲད་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ།ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་ལས་དོན་པའི་འཐུས་མིར་མཇལ་འཕྲད་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཀླུ་མོ་རྟགས་ཅན་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱི་ཚོད་ལྟའི་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱེད་མཁན་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་ལས་བྱེད་ལས་བཟོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད།ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་ཏེ་ཚང་མར་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་ཡར་བརྩོན་བྱས་ནས་རང་རྒྱལ་གྱི་རྒྱ་མཚོའི་བྱ་གཞག་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་ཡོང་བའི་སྐུལ་མ་བཏང་སྟེ་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཕྱིར་གྲུབ་འབྲས་སྔར་བས་ཆེ་བ་གཏོད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལིའུ་ཡུན་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
        མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ནུབ་མར་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་།སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་འཐུས་མི་ཚོའི་ཁྲོད་དུ་ཕེབས་པས་ཚོགས་ར་ཡོངས་སུ་དགའ་སྤྲོ་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།ཞིས་ཅིན་ཕིང་གིས་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུའུ་ཝུན་ཐའོ་སོགས་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱི་དཔའ་བོ་མཉམ་སྡེབ་དང་མི་ཞུགས་མཚོར་འཛུལ་དཔའ་བོའི་གཟི་བརྗིད་མཚན་སྙན་གནང་བའི་བློ་མཐུན་ཚོ་དང་སྤྲོ་སེམས་འཁོལ་བའི་ངང་བཀལ་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་གཟུགས་པོའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་རྗེས་ཞིས་ཅིན་ཕིང་སོགས་ཀྱིས་དགྱེས་ཚོར་ཆེན་པོའི་ངང་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
        མཇལ་འཕྲད་ནང་ཞུགས་མཁན་འགོ་ཁྲིད་བློ་མཐུན་གྱི་གྲས་སུ་ལིའུ་ཡན་ཏུང་དང་།ལི་ཀྲན་ཧྲུའུ།དབྱང་ཅིང་སོགས་ཡོད་པ་རེད།
        2002ལོར་ཀླུ་མོ་རྟགས་ཅན་དེ་རྒྱལ་ཁབ་ཀྱི་863འཆར་གཞིའི་ཆེད་དམིགས་རྣམ་གྲངས་གལ་ཆེན་གྱི་གྲས་སུ་བཞག་སྟེ་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་དང་རྒྱལ་ཡོངས་ཀྱི་ཚན་ཞིབ་ཚན་པ་100ལྷག་ཙམ་གྱིས་མཉམ་འབྲེལ་འགག་སྒྲོལ་དང་།རང་བརྟེན་ཇུས་འགོད།ཕྱོགས་བསྡུས་གསར་གཏོད་བཅས་ནང་ཞུགས་ཏེ་2012ལོའི་ཟླ་བ་དྲུག་པར་ཀླུ་མོ་རྟགས་ཅན་གྱིས་སྨི་7000ཡི་སར་གྲུབ་འབྲས་ཐོབ་པའི་ངང་འཛུལ་ནས་མཚོར་འཛུལ་གཏིང་ཚད་རིང་ཤོས་སྨི་7062ཟིན་ཏེ་རྒྱལ་སྤྱིའི་ཐོག་རིགས་གཅིག་མཚུངས་ཀྱི་ལས་སྒྲུབ་རྣམ་པའི་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱིས་མཚོར་འཛུལ་གཏིང་ཚད་རིང་ཤོས་ཀྱི་ཟིན་ཐོ་བཏོད་པ་དེ་ཐོག་ནས་རང་རྒྱལ་དུ་གོ་ལ་ཧྲིལ་པོའི་99.8%ཡན་གྱི་མཚོ་ཁོངས་སུ་རྒྱ་མཚོའི་གཏིང་གི་ཐོན་ཁུངས་ལ་ཞིབ་འཇུག་དང་རྩད་ཞིབ་བྱེད་ནུས་ལྡན་པ་མཚོན་པ་དང་རང་རྒྱལ་གྱི་མཚོ་གཏིང་ལག་རྩལ་ཐད་ཚད་བརྒལ་ཆེན་པོ་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་མི་ཞུགས་མཚོར་འཛུལ་ལག་རྩལ་དེ་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་པ་མཚོན་ཡོད་པ་རེད།མཇལ་འཕྲད་གནང་མཇུག་འགྲིལ་རྗེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་ཀྲུང་གོའི་མི་ཞུགས་མཚོར་འཛུལ་ཡོ་ཆས་ཀྱི་གཟེངས་བསྟོད་ཚོགས་ཆེན་མཉམ་འབྲེལ་ཐོག་འཚོགས་པ་རེད།