ཧྥ་རན་སེའི་མིང་ཡུའེ་ཞོན་ནིང་ཧྲི་ཆང་ལས་བདེ་ཆེན་རྫོང་དུ་ལས་འགོ་ཚུགས་པ།

རྩོམ་པ་པོ།   ཆོས་ལྡན།  ཡིག་བསྒྱུར།       དུས་ཚོད།   2013-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


                                   ཟླ5བའི་ཚེས10ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏིང་ལིའང་སོགས་འགོ་ཁྲིད་མིང་ཡུའེ་ཞོན་ནིང་ཧྲིའི་སེམས་ཀྱི་ཉི་ཟླའི་(བདེ་ཆེན་རྫོང་)ཆང་ལས་ཚད་ཡོད་ཀུང་སིའི་རྒུན་ཆང་བསྙལ་ཁང་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།  

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་རྫོང་གི་སྤུས་ལེགས་རྒུན་འབྲུམ་བེད་སྤྱོད་བྱས་ནས་ཡ་གླིང་གི་རིམ་པ་མཐོ་བའི་རྒུན་ཆང་བསྙལ་བ།ཟླ5པའི་ཚེས་10ཉིན།མིང་ཡུའེ་ཞོན་ནིང་ཧྲིའི་སེམས་ཀྱི་ཉི་ཟླའི་(བདེ་ཆེན་རྫོང་)ཆང་ལས་ཚད་ཡོད་ཀུང་སིའི་རྒུན་ཆང་བསྙལ་ཁང་དེ་བདེ་ཆེན་རྫོང་ཧྲིང་ཕིང་གྲོང་རྡལ་ཨ་དུང་གྲོང་སྡེར་དངོས་སུ་ལས་འགོ་ཚུགས་པ།རྣམ་གྲངས་དེ་ནི་ཧྥ་རན་སེའི་ལུའུ་ཝུའེ་མིང་ཞོན་(LVMH)ཚོགས་ཁག་གི་མིང་ཡུའེ་ཞོན་ནིང་ཧྲི་ཆང་ལས་ཚོགས་ཁག་དང་ཧྭ་ཙི་ཚོགས་ཁག་གིས་མཉམ་དུ་མ་དངུལ་འཇོག་ནས་འཛུགས་པ་ཞིག་ཡིན་ཞིང་།དེ་ཡིས་བདེ་ཆེན་རྫོང་གིས་རྒུན་འབྲུམ་གྱི་ཀ་རྟེན་ཐོན་ལས་འཛུགས་པར་དེ་བས་སྲ་བརྟན་གྱི་གོམ་པ་སྤོས་ཡོད་པ་མཚོན་པ་དང་།བདེ་ཆེན་རྫོང་གི་ཆང་བསྙལ་རྒུན་འབྲུམ་ཐོན་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བར་སྐུལ་འདེད་ནུས་ལྡན་གཏོང་བ།བདེ་ཆེན་རྫོང་གི་ཆང་བསྙལ་རྒུན་འབྲུམ་ཐོན་ལས་རྒྱལ་སྤྱི་ཅན་དུ་འགྱུར་བ་དང་།རིམ་མཐོ་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

        མིང་ཡུའེ་ཞོན་ནིང་ཧྲིའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ལས་འཛིན།སྤྱི་གཉེར་པི་ཅིང་ཁམས་དང་།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་དང་བདེ་ཆེན་རྫོང་གི་རྫོང་དཔོན་སྐལ་བཟང་རྣམ་རྒྱལ་གྱིས་སྔ་རྗེས་སུ་ལས་འགོ་ཚུགས་པའི་མཛད་སྒོར་ཤིས་ཚིག་གསུང་བ་དང་།ཡུན་ནན་ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཆེན་བཟོ་ལས་བརྡ་འཕྲིན་ཨུ་ཡིས་རྟེན་འབྲེལ་ཞུ་ཡིག་གཏོང་ཡོང་བ་རེད།རང་ཁུལ་གྱི་འགོ་ཁྲིད་ཧོང་ཀྲེང་ཧུང་དང་མ་ཝུན་ལུང་།ལི་ཚང་ཀོང་།ཏུའུ་ཡུང་ཁྲུན།ལིའུ་ཅ་ཞུན་དང་།མིང་ཡུའེ་ཞོན་ནིང་ཧྲིའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཚོང་རའི་སྤྱི་ཁྱབ་ལྟ་སྐུལ་བ་RubyTangདང་།སི་ཁྲོན་ཝིང་ཅུན་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་གཉེར་ཡའེ་ཝུའེ་ཚེ།སེམས་ཀྱི་ཉི་ཟླ་ཆང་ལས་ཚད་ཡོད་ཀུང་སིའི་འགན་ཁུར་མི་སྣ་དང་ཞིང་ཆེན་ཚོང་དོན་ཐིང་།ཞིང་ཆེན་བཟོ་ལས་བརྡ་འཕྲིན་ཨུའི་འབྲེལ་ཡོད་འགོ་ཁྲིད་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

        ཀྲང་ཏེང་ལིའང་གིས་ཤིས་ཚིག་གསུང་བའི་ཐོག་བསྟན་དོན།ཚང་མས་མཉམ་ལས་བྱེད་རྒྱུ་དམ་དུ་བཏང་བ་དང་འབྲེལ་གཏུག་བྱེད་རྒྱུ་དམ་དུ་བཏང་བ།དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་ཐད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཏེ།སྔ་ཙམ་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་འགོ་ཚུགས་ན།མཉམ་དུ་ཁེ་ཕན་ཐོབ་རྒྱུའི་མཉམ་ལས་དམིགས་ཡུལ་དེ་དངོས་སུ་འགྲུབ་ཐུབ་རྒྱུ་རེད།ཁོང་གིས་བླང་བྱ་བཏོན་དོན།བདེ་ཆེན་རྫོང་གིས་མུ་མཐུད་དུ་ཚོང་པ་ལ་མཛའ་བརྩེ་དང་ཚོང་པ་ལ་དགའ་ཞེན་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ།ཏན་ཏིག་གིས་འབྲེལ་ཡོད་ཀྱི་ཞབས་འདེབས་མཐུན་སྦྱོར་ལས་ཀ་ཡག་པོ་བསྒྲུབས་ཏེ།ལས་ཀ་ཁག་གི་དམིགས་ཡུལ་དེ་དུས་ཐོག་ཏུ་དངོས་སུ་འགྲུབ་རྒྱུ་ཁག་ཐེག་བྱེད་དགོས།

          སྐུ་ཞབས་པི་ཅིང་ཁམས་ཀྱིས་ཆང་བསྙལ་ཁང་གི་ཇུས་འགོད་རྣམ་གྲངས་ཁག་གི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་དང་འགྲེལ་བཤད་བརྒྱབ་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།ཆང་བསྙལ་ཁང་གི་གནས་ཡུལ་ཡག་པོ་འདེམས་ཆེད།མིང་ཡུའེ་ཞོན་ནིང་ཧྲི་རྒྱལ་སྤྱིའི་ཆང་ལས་ཆེད་མཁས་ཀྱིས་དུས་ཡུན་ལོ་གཉིས་རིང་གི་ཞིབ་ཕྲའི་བརྟག་ཞིབ་བྱས་ནས།མཐར་གནས་ཡུལ་དེ་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་ཡོད་པའི་ཨ་དུང་གྲོང་སྡེར་བདམས་པ་རེད།ཆང་བསྙལ་ཁང་དེ་རྒྱལ་སྤྱིའི་ཆེས་མཐོའི་ཚད་གཞི་ལྟར་ཇུས་འགོད་བྱེད་རྒྱུ་ཡིན་ཞིང་།དོ་དམ་ནན་པོ་བྱེད་པ་དང་རྒུན་འབྲུམ་ར་བར་ཐོན་པའི་རྒྱུ་ཆ་གདམ་ག་ནན་པོ་བརྒྱབ་སྟེ།སྤུས་ཚད་ཡག་ལ་རིམ་པ་མཐོ་བའི་རྒུན་ཆང་བསྙལ་རྒྱུ་རེད།

            ཤེས་རྟོགས་བྱུང་བར་གཞིགས་ན།ཆང་བསྙལ་ཁང་དེ་འཛུགས་རྗེས།རྒྱ་ཁྱོན་མུའུ་500ཡི་རྒུན་འབྲུམ་འདེབས་འཛུགས་ས་ཞིང་གིས་རྒུན་འབྲུམ་རྒྱུ་ཆ་མཁོ་སྤྲོད་བྱེད་དགོས་པ་རེད།ཆང་བསྙལ་ཁང་གིས་ཨ་དུང་གྲོང་སྡེའི་ས་ཞིང་བོགས་གཡང་ལེན་རྒྱུ་དང་ཞིང་པ་གདན་ཞུས་སྐུལ་སྤྱོད་བྱས་ནས་རྒུན་འབྲུམ་འདེབས་འཛུགས་ར་བར་ལས་གཉེར་བྱེད་པའི་རྣམ་པས་སྤུས་ཚད་མཐོ་བའི་རྒུན་འབྲུམ་འདེབས་འཛུགས་བྱས་ཏེ་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་རྒྱུ་དང་།ཧུར་ཐག་གིས་ཁེ་ལས་དང་ཞིང་དུད་བར་ལ་འཆམ་མཐུན་གྱི་འབྲེལ་བ་ཞིག་གཏོད་རྒྱུ་རེད།