བདེ་ཆེན་ཁུལ་གྱི་མི་རིགས་ཐང་ཆེན་ཞབས་བྲོ་ཨང་དྲུག་པ་ཁྱབ་གདལ་གཏོང་གྲབས་ཡོད་པ།

རྩོམ་པ་པོ།   པསོད་ནམས།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་6ཉིན།དུས་ཡུན་ཟླ་1ཡིན་པའི་2013ལོའི་བདེ་ཆེན་ཁུལ་རིག་གནས་ཁང་གིས་ལྷན་རྒྱས་སྤྲོ་བ་ཞེས་པའི་མི་རིགས་ཐང་ཆེན་ཞབས་བྲོ་སྐབས་དྲུག་པའི་གསོ་སྦྱོང་འཛིན་གྲྭ་ཁུལ་རིག་གནས་ཁང་ནས་སློབ་འགོ་ཚུགས་པ་རེད།གསོ་སྦྱོང་མཇུག་སྒྲིལ་རྗེས་མི་རིགས་ཐང་ཆེན་ཞབས་བྲོ་ཨང་དྲུག་པ་དེ་དངོས་སུ་ཁུལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིར་གསོ་སྦྱོང་བྱེད་པའི་མི་རིགས་ཐང་ཆེན་ཞབས་བྲོ་ནི་2005ལོར་རང་ཁུལ་གྱིས་ཁྱབ་གདལ་གཏོང་བའི་དགའ་སྤྲོ་འཁོལ་བའི་ཤམ་བྷ་ལ་ཞེས་པ་དང་2007ལོར་ཁྱབ་གདལ་གཏོང་བའི་གཙང་གསུམ་ལྷན་སྤྲོ་ཞེས་པ་སོགས་མི་རིགས་ཐང་ཆེན་ཞབས་བྲོའི་རྨང་གཞིའི་ཐོག་བཏོན་པའི་མི་རིགས་ཐང་ཆེན་ཞབས་བྲོ་ཞིག་ཡིན།མི་རིགས་ཐང་ཆེན་ཞབས་བྲོ་འདི་ཡིས་མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཀྱིས་བསྡུ་ལེན་བྱས་ནས་ལེགས་སྒྲིག་བྱས་པ་དང་།སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་གསར་སྐྲུན་བྱས་ཡོད་དེ།དེ་སྔའི་མི་རིགས་ཐང་ཆེན་ཞབས་བྲོ་ལས་མང་ཚོགས་ནང་དུ་ཞུགས་རྒྱུར་དོ་སྣང་བྱེད་པ་དང་མི་དམངས་ཡོངས་ཀྱིས་ལུས་རྩལ་སྦྱོང་རྒྱུ་འབུར་དུ་ཐོན་པ།བདེ་ཆེན་རང་ས་གནས་ཀྱི་གདོད་མའི་རྣམ་པའི་རོལ་དབྱངས་དང་ཞབས་བྲོའི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་གང་ལེགས་བྱས་པ་དང་།དེང་རབས་ཀྱི་ཞབས་བྲོའི་རོལ་ཚིགས་ནང་དུ་འདུས་ཡོད་དེ།སྦྱོང་སླ་ཞིང་རོལ་ཚིགས་སྤྲོ་པོ་ཡོད།
        ཐེངས་འདིའི་གསོ་སྦྱོང་བྱེད་སྒོ་དེ་ཁུལ་རིག་གནས་ཁང་གིས་རྩ་འཛུགས་བྱས་པ་དང་།གསོ་སྦྱོང་དུས་ཚོད་ནི་ཟླ་བ་1ཡིན་ཏེ། ཟླ་5པའི་ཚེས་6ཉིན་ནས་ཟླ་6པའི་ཚེས་6ཉིན་བར་ཡིན།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་སྡེ་ཁག་སོ་སོའི་རིག་རྩལ་རྐང་འཛིན་དང་གྲོང་ཁུལ་གྱི་ཞབས་བྲོར་དགའ་མཁན་ཀུན་ཁུལ་རིག་གནས་ཁང་དུ་གསོ་སྦྱོང་ཡོང་ཆོག   དུས་ཚོད་ནི་གཟའ་ཟླ་བ་ནས་གཟའ་ཕུར་བུའི་ཕྱི་དྲོའི་ཆུ་ཚོད་2པའི་སྐར་མ་30ནས་ཆུ་ཚོད་4པའི་སྐར་མ་30བར་ཡིན་པ་དང་།གཟའ་པ་སངས་ནས་གཟའ་སྤེན་པའི་ཆུ་ཚོད་19:00ནས་ཆུ་ཚོད་21:00བར་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་གསོ་སྦྱོང་མཇུག་སྒྲིལ་རྗེས།ཁུལ་རིག་གནས་ཁང་གི་ལས་བྱེད་པས་ད་དུང་ཉིན་རེའི་མཚན་མོར་སོ་སོར་དཀྱིལ་འཁོར་ཐང་ཆེན་དང་ཟླ་འོད་ཐང་ཆེན།གྲུ་བཞི་ཐང་ཆེན།བཟོ་པའི་གྲོང་གསར།འོ་མ་ཆུ་ཁའི་གྲོང་གསར།ཤམ་བྷ་ལ་གྲོང་རྡལ་ཆུང་བ།ལས་བྱེད་པ་རྒན་པའི་བྱེད་སྒོ་ལྟེ་གནས། བྱམས་པ་གླིང་ག ལམ་གསོ་ཏོན་སྡེ་ཁུལ་ཆུང་བ་སོགས་གྲོང་ཁུལ་གྱི་མི་རིགས་ཐང་ཆེན་ཞབས་བྲོའི་དཔེ་སྟོན་བྱེད་སར་མཛུབ་ཁྲིད་བྱེད་རྒྱུ་རེད།