བདེ་ཆེན་ཁུལ་གྱིས་ཡུན་གླིང་ལས་བཟོ་པའི་མི་སྣ་ལས་གྲྭ་ལག་བསྟར་བྱ་རྒྱུ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལས་བཟོ་པའི་རུ་ཁག་གི་སྤྱི་ཁྱབ་ཀྱི་བྱང་ཚད་མཐོར་འདེགས་གཏོང་ཆེད།  ཁུལ་བཟོ་ཚོགས་སྤྱི་ཁྱབ་ཚོགས་པ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལོ་5སྤྱོད་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་ཁྲོད་དུ་ཡུན་གླིང་ལས་བཟོ་པའི་མི་སྣ་ལས་གྲྭ་སྤེལ་རྒྱུ་དང་། འགོ་ཁྲིད་ཚོགས་ཆུང་དབུ་བརྙེས་པ་རེད། 
        གོ་རྟོགས་བྱུང་བ་ལྟར་ན། ལས་གྲྭ་དེས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་བྱས་ནས།དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དམིགས་ཡུལ་དང་དམ་འབྲེལ་བྱས་ནས། ཕྱོགས་ཡོངས་ནས་ལས་བཟོ་པའི་རུ་ཁག་གི་སྤྱིའི་བྱང་ཚད་དང་ལག་རྩལ་ནུས་པ་མཐོར་འདེགས་བཏང་སྟེ། བདེ་ཆེན་ཁུལ་དེ་ཡུན་ནན་ཞིང་ཆེན་དང་འགྲོས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་བློ་རིག་རྒྱབ་སྐྱོར་དང་མི་སྣ་མཁོ་སྤྲོད་བྱ་རྒྱུ། 
    གཏེར་འདོན་པ་དང་། གློག་ཤུགས། བཟོ་བསྐྲུན། ཟས་རིགས། ཡུལ་སྐོར།ཞབས་ཞུ་དང་འགྲིམ་འགྲུལ་འདྲེན་སྐྱེལ་བཅས་ཀྱི་ལས་རིགས་དག་གཙོ་བོར་བཞག་ནས། བཟོ་ཚོགས་རྩ་འཛུགས་ཡོད་པའི་སྤྱིར་དབང་ཁེ་ལས་དང་། སྒེར་དབང་ཁེ་ལས་ཁྲོད་དུ། ཁུལ་ཡོངས་སུ་ལོ་རེར་མི་600ལྷག་གསོ་སྦྱོང་བྱས་ནས་ལས་གནས་ཐོབ་ཐང་ལག་ཁྱེར་མེད་པའི་ལས་བཟོ་དག་ལ་ལག་ཁྱེར་དང་ཆེད་དམིགས་ཀྱི་ལས་གནས་ལག་རྩལ་ལག་ཁྱེར་ཡོད་དུ་འཇུག་རྒྱུ། དེ་ལས། ཁུལ་ཐད་གཏོགས་ཀྱི་བཟོ་ཚོགས(གསར་སྤེལ་ཁུལ་འདུས་ཡོད།)དང་། སེམས་ཀྱི་ཉི་ཟླ་རྫོང་གི་བཟོ་ཚོགས་ཀྱི་མི་200དང་། འབའ་ལུང་རྫོང་། བདེ་ཆེན་རྫོང་གི་མི་རེ་རེ་བཞིན་100ཡིན། 
        རིམ་ཁག་གི་བཟོ་ཚོགས་ཀྱིས་གནས་ཚུལ་རྩད་ཞིབ་བྱས་པའི་རྨང་གཞིའི་ཐོག  གསོ་སྦྱོང་དང་། ཞིབ་དཔྱད།  ལག་ཁྱེར་འཛིན་པ་བཅས་ཀྱི་རེ་བ་ལྟར། ཁེ་ལས་དག་བྱ་ཡུལ་གཙོ་བོར་བཞག་ནས། ལས་ཤོར་མི་སྣ་དང་། ཞིང་པའི་ལས་མི། དཀའ་ངལ་ཡོད་པའི་ལས་བཟོ་པའི་ཁྱིམ་ཚང་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་གསོ་སྦྱོང་བྱ་ཡུལ་གཙོ་བོར་བཞག་རྒྱུ། 
        རྫོང་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་བཟོ་པའི་གསོ་སྦྱོང་གི་ལས་གནས་ཚད་གཞི་དང་། གསོ་སྦྱོང་འཆར་གཞི་བཅས་ལ་མཛུབ་སྟོན་བྱེད་པའི་འགན་ཁུར་རྒྱུ། རིམ་ཁག་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་དག་གིས་ལས་གནས་ཐོབ་ཐང་ལག་ཁྱེར་བླངས་ཚར་བའི་ལས་བཟོ་དག་བདེ་ཆེན་ཁུལ་གྱི་ལག་རྩལ་མི་སྣའི་གྲངས་གཞིར་འཇུག་རྒྱུ། 
        རིམ་ཁག་གི་བཟོ་ཚོགས་ཀྱིས་མི་སྣ་ཨར་ལས་ཀྱི་གཟེངས་བསྟོད་ནང་རྐྱེན་བསྐྲུན་ནས། བཟོ་པ་འཇོན་ཐང་ཅན་དང་། ལས་མི་ཕུལ་བྱུང་ཅན། ལག་རྩལ་སྣེ་ཁྲིད་པ་བཅས་ཀྱི་མི་སྣ་བདམས་ཐོན་བྱ་འགུལ་རྒྱ་ཆེར་སྤེལ་དགོས། མངོན་ཚུལ་བཟང་བའི་ལས་བཟོ་པར་གཟེངས་བསྟོད་བྱས་ནས་ལས་གནས་ཁྲོད་དུ་འཇོན་ཅན་མི་སྣར་གྱུར་དགོས། དགེ་ཕྲུག་ཁྲིད་ནས་ལག་རྩལ་བསླབ་པ་དང་། ལག་རྩལ་གསར་གཏོད་བྱས་པ།ལག་རྩལ་ཁྱབ་གདལ་བཏང་ལུགས་ཐད་ལ་འཇོན་ཐང་ལྡན་ན་ཞིང་ཆེན་རིམ་པ་དང་།ཁུལ་རིམ་པའི་ལག་རྩལ་མཁས་ཅན་ལས་བྱེད་ཁང་གི་འཛུགས་སྐྲུན་རྣམ་གྲངས་དང་ཁུལ་རིམ་པའི་གསར་གཏོད་པའི་ལས་བཟོའི་ལས་བྱེད་ཁང་བཅས་སུ་མཚམས་སྦྱོར་བྱས་ནས་གཟེངས་བསྟོད་རྣམ་གྲངས་བརྩོན་ལེན་བྱ་དགོས།