ཞིས་ཅིན་ཕིང་གིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་གསོན་ཉམས་དོད་པའི་ལག་ལེན་དངོས་ནང་ལང་ཚོའི་ཕུགས་བསམ་མངོན་དུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ།


        ཟླ་5ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སི་ཀྲུང་གོ་བར་མཐོངས་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ཏེ་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་།འདི་ནི་བཞུགས་མོལ་ཚོགས་འདུ་མ་འཚོག་གོང་ཞིས་ཅིན་ཕིང་གིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པའི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མི་དང་ལྷན་བཞུགས་འདྲ་པར་བསྐྱོན་པའི་གནས་ཚུལ་ཡིན་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚེས་4ཉིན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སི་ཀྲུང་གོ་བར་མཐོངས་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ཏེ“ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་ལས་འགན་དེ་གཞོན་ནུས་ཁུར་ཕོད་པ་བྱེད་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་ཤིང་།ཁོང་གིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་མ་ཟད།ད་དུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།
        ཞིས་ཅིན་ཕིང་གིས་གཞོན་ནུ་ནི་སྐྱེ་སྟོབས་ལྡན་ཤོས་དང་ཕུགས་འདུན་ལྡན་ཤོས་ཤིག་རེད།གཞོན་ནུ་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་རྒྱུ་དང་གཞོན་ནུ་སྟོབས་ཆེར་སོང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་རྒྱུ་རེད།རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་འདུན་དད་སེམས་བརྟན་དུ་གཏོང་བ་དང་།ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་བ།བློ་ཁོག་ཆེན་པོས་གསར་གཏོད་བྱེད་པ།གཤིས་རྒྱུད་བཟང་པོ་ཞིག་འཇགས་པ་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་གསོན་ཉམས་དོད་པའི་ལག་ལེན་དངོས་ནང་ལང་ཚོའི་ཕུགས་བསམ་མངོན་དུ་འགྱུར་བ་བྱེད་དགོས་པ་དང་མི་དམངས་ཀྱི་ཁེ་ཕན་ཕྱིར་འབད་འབུངས་ལྷོད་མེད་བྱེད་རིང་མི་ཚེའི་རྩོམ་ཡིག་སྙན་འཇེབས་ལྡན་པ་ཞིག་རྩོམ་དགོས་ཞེས་ནན་གསུངས་གནང་བ་རེད།སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡོལ་ཙམ་དུ་ཞིས་ཅིན་ཕིང་གིས་ཀྲུང་གོའི་བར་མཐོངས་ལག་རྩལ་ཞིབ་འཇུག་ཁང་གི་འགྲེམས་སྟོན་ཁང་དུ་ཕེབས་ནས་བར་མཐོངས་ལག་རྩལ་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ལྟ་སྐོར་བྱེད་བཞིན་པའི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མི་ཁག་གཅིག་གིས་ཧྲུའུ་ཅིའི་ཕྱོགས་སུ་རུབ་ནས་ཡོང་བ་དང་ཞིས་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་ཁོང་ཚོ་ཚང་མར་ཕྱག་བཏང་གནང་བ་རེད།
        ཁོང་གིས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་བྱུང་རིམ་ཐོག་ནས་གསར་གཏོད་ཀྱི་མཐོ་གནོན་བཙན་ས་དེ་ཚན་རྩལ་ལྡན་པ་དང་ཚན་རྩལ་གསར་གཏོད་ཀྱི་རེ་བ་དེ་གཞོན་ནུར་ལྡན་ཡོད།གཞོན་ནུ་ཚོས་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚན་ཞིབ་ཚོགས་པའི་གསར་གཏོད་ཀྱི་སྙིང་སྟོབས་ནན་ཏན་ངང་སློབ་སྦྱོང་བྱ་རྒྱུ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་བྱས་ནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
        དེ་རྗེས་ཞིས་ཅིན་ཕིང་གིས་གྲོས་ཚོགས་ཁང་དུ་ཕེབས་ཏེ་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་བ་རེད།ཀྲུང་གོ་རྡོ་སྣུམ་འཛུགས་སྐྲུན་ཀུང་སི་དང་པོ་ལས་གྲྭ་ཁྲུའུ་གསུམ་པའི་313ལས་གྲྭ་རུ་ཁག་གི་གློག་གི་ཚ་ལའི་ལག་རྩལ་པ་ཕེ་ཤན་ཕུང་སོགས་གཞོན་ནུའི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་བྱས་ཤིང་།ཁོང་ཚོས་རང་རང་སོ་སོའི་ལས་གནས་དང་འཚར་ལོངས་བྱུང་ཚུལ་དང་ཟུང་འབྲེལ་བྱས་ཏེ་མེས་རྒྱལ་དང་མཉམ་དུ་འབད་འབུངས་ཡར་བརྩོན་དང་དུས་རབས་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་ལང་ཚོའི་མྱོང་བ་ལྷུག་པོར་གླེང་བ་དང་སྦྲགས་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་གཏོང་བ་དང་དེང་དུས་གཞོན་ནུའི་ལོ་རྒྱུས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར་ནས་རྒྱལ་ཁབ་སྟོབས་འབྱོར་དང་།མི་རིགས་དར་རྒྱས།མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་ཕྱིར་འབད་འབུངས་ལྷོད་མེད་བྱ་རྒྱུའི་རྟགས་མཚན་ཡང་བསྟན་པ་རེད།
        ཚང་མའི་གཏམ་བཤད་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་།ཁོང་གིས་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་འགན་འཁྲིའི་བསམ་པ་ལྡན་ན་རྒྱལ་ཁབ་དེ་མདུན་ལམ་ལྡན་པ་དང་མི་རིགས་དེ་རེ་བ་ལྡན་པ་ཞིག་ཏུ་གྱུར་ནས་ང་ཚོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་རྒྱུན་ཆད་རྒྱུ་མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ལྡན་རྒྱུའི་ར་འཕྲོད་ཐུབ་ཀྱི་ཡོད།ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་དོན་དངོས་རེད་ལ་འབྱུང་འགྱུར་དེ་བས་ཀྱང་རེད།རྒྱལ་ཁབ་དང་མི་རིགས་ཀྱི་རེད་ལ་ཀྲུང་གོ་བ་ཚང་མའི་དེ་བས་ཀྱང་རེད།ང་ཚོའི་རེད་ལ་གཞོན་ནུ་མི་རབས་ཀྱི་དེ་བས་ཀྱང་རེད།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུའི་ཕུགས་འདུན་དེ་རྒྱ་ཆེའི་གཞོན་ནུ་ཚོས་མུ་མཐུད་འབད་འཐབ་བྱེད་རིང་མངོན་འགྱུར་ཡོང་རྒྱུ་རེད་ཅེས་བསྟན་གནང་བ་རེད།
        ཞིས་ཅིན་ཕིང་གིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་རང་རྒྱལ་གྱི་གཞོན་ནུ་མི་རབས་དེས་བྱས་ན་བྱེད་གཞི་ཆེ་བ་ཞིག་ཏུ་འགྱུར་ངེས་རེད་ལ་མདུན་ལམ་ཆེན་པོ་ཞིག་ཀྱང་ཡོང་ངེས་རེད།རྒྱ་ཆེའི་གཞོན་ནུ་ཚོས་ལོ་རྒྱུས་ཀྱིས་དཀྲིས་པའི་ལས་འགན་ལྕི་པོ་དེ་དཔའ་ངར་ཆེན་པོས་ཕྲག་ཏུ་འཁུར་དགོས་ཤིང་།ཕུགས་འདུན་དང་དད་སེམས་དེ་རིགས་པའི་གཞུང་ལུགས་ལ་རྗེས་དཔག་གིས་ངོས་འཛིན་གཅིག་མཐུན་བྱེད་པའི་ཐོག་ནས་འཛུགས་པ་དང་།ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་བྱེད་པའི་ཐོག་ནས་འཛུགས་པ།རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ་བྱེད་པའི་ཐོག་ནས་འཛུགས་པ་བཅས་བྱས་ནས་ཏང་གི་རྗེས་སུ་ནམ་ཡང་དམ་པོར་འབྲངས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་པ་དང་།ཤེས་བྱ་བརྗེ་སྒྱུར་གྱི་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་དགོས་ཤིང་།སྐོམ་པ་ཆུ་དོད་ལྟར་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཆ་རྐྱེན་ཞན་པའི་གཞི་རིམ་དང་།རྒྱལ་ཁབ་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོ།རྣམ་གྲངས་འགག་སྒྲོལ་གྱི་གཡུལ་ས་མདུན་མ་བཅས་སུ་སྦྱོང་བརྡར་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་བར་སྐྱོད་ཕོད་པ་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་བྱ་གཞག་གི་དགོས་མཁོ་དང་འཚམ་པའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།བསམ་བློར་བཅིངས་འགྲོལ་དང་།དུས་བསྟུན་འཕེལ་རྒྱས།གོང་འོག་འཚོལ་ཞིབ།གསར་འབྱེད་ཡར་བརྩོན་བཅས་བྱེད་ཕོད་པ་དགོས་ཤིང་།རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་གསར་གཏོད་བྱེད་རིང་རྒྱུན་ཆད་མེད་པར་ཉམས་མྱོང་གསོག་འཇོག་ཐུབ་པ་དང་གྲུབ་འབྲས་ཐོབ་པ་བྱེད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་འཛུགས་པ་དང་ལག་ལེན་བསྟར་བ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་སྣེ་འཁྲིད་ནས་དར་སྤེལ་གཏོང་བའི་ཐོག་མི་ཚེར་འཛིན་པའི་རྣམ་འགྱུར་ཡག་པོ་དང་།ཀུན་སྤྱོད་བཟང་པོ།འཚོ་བའི་གོམས་གཤིས་བཟང་པོ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རང་ཉིད་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་ནང་སྤྱོད་གོ་ཆོད་པ་དང་ཀ་གདུང་ལྟ་བུ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་གཞོན་ནུའི་ཚབ་བྱེད་པ་དང་།གཞོན་ནུ་ཐོབ་ཐབས་བྱེད་པ།གཞོན་ནུར་བརྟེན་པ་དང་སྦྲགས་ཐོག་མཐའ་བར་གསུམ་དུ་གཞོན་ནུར་མཐོང་ཆེན་དང་།གཞོན་ནུར་ཐུགས་ཁུར།གཞོན་ནུར་ཡིད་ཆེས་བཅས་ཀྱང་བྱེད་ཀྱི་ཡོད།འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་རིམ་ཁག་ཏང་ཨུད་དང་།སྲིད་གཞུང་།འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གཞོན་ནུའི་བསམ་འདུན་ལ་དོ་ཁུར་དང་།གཞོན་ནུ་འཕེལ་རྒྱས་གཏོང་རྒྱུར་རོགས་རམ།གཞོན་ནུའི་བྱ་གཞག་ལ་རྒྱབ་སྐྱོར་བཅས་བྱས་ཏེ་གཞོན་ནུར་བློ་རྒྱ་ལྡན་ཕྱིར་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཤིག་གཏོད་དགོས་པ་དང་།གཞོན་ནུར་གསར་གཏོད་བྱ་རྒྱུར་སྔར་བས་རྒྱ་ཆེ་བའི་གར་སྟེགས་ཤིག་གཏོད་དགོས།གཞོན་ནུར་མི་ཚེའི་འགྲོ་ལམ་གཏོད་ཕྱིར་སྔར་བས་ཕུན་སུམ་ཚོགས་པའི་གོ་སྐབས་མཁོ་འདོན་བྱེད་དགོས།གཞོན་ནུར་བྱས་རྗེས་འཇོག་རྒྱུ་དང་བྱ་གཞག་གསར་གཏོད་བྱ་རྒྱུར་སྔར་བས་ཕན་པ་ཆེ་བའི་ཆ་རྐྱེན་གཏོད་དགོས་ཞེས་བསྟན་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཕྱིར་འབད་འབུངས་བྱ་རྒྱུ་ནི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཞིག་རེད།གུང་གཞོན་སྡེ་ཚོགས་ཀྱིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཁྲོད་དུ“ངའི་ཀྲུང་གོའི་ཕུགས་འདུན”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཀྲུང་གོའི་ཕུགས་འདུན་ལ་བརྟེན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་།ཀྲུང་གོའི་ཕུགས་འདུན་ལ་བརྟེན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་འཕེལ་བར་བྱེད་པ།གཞོན་ནུ་ལོ་ཆུང་ཚང་མར་ཕུགས་འདུན་གྱི་ས་བོན་འདེབས་པ་དང་ཕུགས་འདུན་གྱི་མེ་ལྕེ་སྤོར་བ་བཅས་ཀྱི་ཐོག་ནས་གཞོན་ནུ་ལོ་ཆུང་སྔར་བས་མང་པོར་ཕུགས་འདུན་ལྡན་པར་བྱེད་ཕོད་པ་དང་།ཕུགས་འདུན་འགྲུབ་པར་བྱེད་ཕོད་པ།ཕུགས་འདུན་འགྲུབ་ཕྱིར་བརྩོན་པ་བཅས་བྱེད་འཇུག་དགོས་པ་དང་གཞོན་ནུ་ལོ་ཆུང་ཚང་མར་ཀྲུང་གོའི་ཕུགས་འདུན་སྒྲུབ་ཕྱིར་ལང་ཚོའི་སྟོབས་ཤུགས་ཆེན་པོ་ཞིག་སྣོན་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།
        བཞུགས་མོལ་ཚོགས་འདུ་མ་འཚོགས་གོང་ཞིས་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་ཞུགས་མཁན་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་གཞོན་ནུའི་འཐུས་མིར་དགྱེས་ཚོར་ཆེན་པོས་མཇལ་འཕྲད་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་པར་ཡང་བསྐྱོན་པ་རེད།