འབའ་ལུང་གི་རི་སྐྱེས་ཚོད་མ་ཚོང་རར་བྲིན་པ།

རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན། གསར་འགྱུར་བས་འབའ་ལུང་རྫོང་གི་གྲོང་སྡེའི་ཚོང་རར་སླེབས་དུས །ཚོང་རའི་ནང་དུ་དབུ་སྦོམ་མ་དང་སྤྲེའུ་ལག་སོགས་རི་སྐྱེས་སྔོ་ཚོད་ཀྱིས་གང་འདུག    ཚོང་རར་བྲིན་ཆེ་བའི་རི་སྐྱེས་སྔོ་ཚོད་དེ་དག་ནི་ཞིང་པས་ཞིང་ཁ་དང་རི་ཐང་ནས་འཐུ་བའི་སྤྱི་གནོད་མེད་པའི་སྔོ་མདོག་གི་བཟའ་བཅའ་ཡིན་པས།འཛད་སྤྱོད་པའི་དགའ་བསུ་ཐོབ་པ་རེད།
        ད་ལྟ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཀྲ་བའི་དུས་སུ་སླེབས་ཡོད་དེ། ག་ས་ག་ལ་འདྲ་མིན་སྣ་ཚོགས་ཀྱི་མེ་ཏོག་རབ་ཏུ་བཞད་ཡོད་ལ། རིགས་འདྲ་མིན་སྣ་ཚོགས་ཀྱི་རི་སྐྱེས་སྔོ་ཚོད་ཀྱང་རིམ་བཞིན་ཚོང་རར་འདོན་ཡོད། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན། རི་སྐྱེས་སྔོ་ཚོད་ལ་མིའི་ལུས་ཁམས་ལ་དགོས་མཁོ་ཆེ་བའི་སྤྲི་དཀར་ཀྱི་བཅུད་དང་། ཞག་ཚིལ། ཐན་ཆུའི་འདྲེས་སྦྱོར་དངོས་རྫས། གཏེར་རྒྱུ་སོགས་འཚོ་བཅུད་ཀྱི་གྲུབ་ཆ་འདུས་ཡོད།དེ་མ་ཟད་རྩི་ཤིང་གི་ཚི་སྣ་དེ་བས་འབེལ་པོ་ཡོད་པ་དང་། རི་སྐྱེས་སྔོ་ཚོད་འགའ་ཤས་ལ་འཚོ་བཅུད་དང་གཏེར་རྒྱུའི་འདུས་ཚད་འདེབས་འཛུགས་བྱས་པའི་སྔོ་ཚོད་ལས་ལྡབ་འགའ་ཤས་ནས་ལྡབ་བཅུ་ཕྲག་འགའ་ཤས་མཐོ་བ་རེད། ལྷག་པར་དུ་རི་སྐྱེས་སྔོ་ཚོད་མང་ཤོས་ནི་ནགས་ཚལ་དུ་སྐྱེས་ཡོད་དེ།དེང་རབས་བཟོ་ལས་དང་ཞིང་ལས་སྨན་རྫས་ཀྱིས་སྦགས་མེད་པས།ཧ་ཅང་རྩ་ཆེན་རེད།
        བཅར་འདྲི་བྱེད་དུས། གྲོང་མི་ཞིག་གིས་བཤད་དོན། རི་སྐྱེས་སྔོ་ཚོད་དེ་དག་ཞོགས་པ་སྔ་མོ་མ་གཏོགས་ཉོ་ཐུབ་ཀྱི་མེད། རི་སྐྱེས་སྔོ་ཚོད་ཚོང་རར་སྔོ་ཚོད་འདེམས་བཞིན་པའི་ལས་འཁྱུར་ངལ་གསོ་ལས་བྱེད་པ་ཨ་སྲུ་ལི་ལགས་ཀྱིས་“ལོ་ལྟར་དཔྱིད་ཀར་སླེབས་དུས་རི་སྐྱེས་སྔོ་ཚོད་སྤྲེའུ་ལག་སོས་པ་ཉོས་ནས་བཟའ་རྒྱུ་ཡིན་ཞིང་། མང་ཙམ་ཉོས་ནས་ཉི་མར་བསྐམས་ཏེ་དགུན་ཁར་སླེབས་དུས་ཆུར་མཚན་གཅིག་ཙམ་སྦངས་ནས་བཟའ་ན་སྤྲེའུ་ལག་སོས་པ་ལྟར་ཞིམ་པོ་འདུག  རི་སྐྱེས་སྔོ་ཚོད་ནི་སྦགས་བཙོག་མེད་ཅིང་འཚོ་བཅུད་ལྡན་པས། ངེད་ཚང་གི་མི་ཀུན་བཟའ་དགའ་པོ་ཡོད”ཅེས་བཤད་པ་རེད།འབའ་ལུང་རྫོང་སྨན་ཁང་གི་སྨན་པས་དྲན་སྐུལ་བྱས་དོན། དཔྱིད་ཀ་ནི་རི་སྐྱེས་སྔོ་ཚོད་བཟའ་བའི་དུས་ཚིགས་ཡིན་ཞིང་།ཕྱི་རུ་རི་སྐྱེས་སྔོ་ཚོད་འཐུ་བ་དང་ཚོང་རར་རི་སྐྱེས་སྔོ་ཚོད་ཉོ་དུས།ཡོང་ཁུངས་མི་གསལ་བ་དང་རིགས་མི་གསལ་བའི་རི་སྐྱེས་སྔོ་ཚོད་འཐུ་མི་ཉན་པ་དང་ཉོ་མི་ཉན།