མཚོ་སྔོན་དུར་ལམ་རྫོང་དུ《གེ་སར་སྒྲུང》གི་སྒྲུང་དཔེ་བྲིས་མ་ཁག་གཉིས་ལག་སོན་བྱུང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-26   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཉེ་ཆར། མཚོ་སྔོན་མི་རིགས་སློབ་ཆེན《གེ་སར་སྒྲུང》ཞིབ་འཇུག་ཁང་གི་ཞིབ་འཇུག་རམ་འདེགས་པ་དབང་ཆེན་ཚེ་རིང་ལགས་ཀྱིས་འགོ་འཛིན་བྱེད་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཐེབས་རྩའི་ལས་གཞི་སྟེ《གེ་སར་སྒྲུང》ཁྲོད་ཀྱི་ལུས་རྩལ་རིག་གནས་རྩིས་བཤེར་དང་ཞིབ་འཇུག་ཅེས་པའི་དཔྱད་གཞི་ཚན་ཆུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུར་ལམ་རྫོང་དུ་ཕྱིན་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པའི་དུས་སུ། དམངས་ཁྲོད་དུ་ཁྱབ་པའི《གེ་སར་སྒྲུང》གི་སྒྲུང་དཔེ་བྲིས་མ་ཁག་གཉིས་ལག་སོན་བྱུང་བ་རེད།
      ཁོང་ཚོས་མཚམས་སྦྱོར་བྱས་པ་ལྟར་ན། 《གེ་སར་སྒྲུང》གི་སྒྲུང་དཔེ་དེ་གཉིས་ནི་མཚོ་ནུབ་ཁུལ་དུར་ལམ་རྫོང་གི་ཏིང་འཛིན་རྡོ་རྗེ་ལགས་ཀྱིས་ལོ་རབས70པའི་ནང་ཡུལ་དེའི་དམངས་ཁྲོད་ཀྱི་སྒྲུང་བཤད་ལྟར་ཡིག་ཐོག་ཏུ་བཀོད་པའི་སྒྲུང་དཔེ་བྲིས་མ་གཉིས་ཏེ། 《འཁྲུངས་གླིང་མེ་ཏོག་ར་བ》དང《བདུད་འདུལ》བཅས་སྒྲུང་ཁག་གཉིས་ཡིན་པ་རེད།
      རྒྱལ་ཡོངས《གེ་སར་སྒྲུང》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ནམ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ནོར་བུ་དབང་ལྡན་ལགས་ཀྱིས་བཞེད་པ་ལྟར་ན། སྒྲུང་དཔེ་བྲིས་མ་དེ་གཉིས་ལ་དོན་སྙིང་གལ་ཆེན་ལྡན་པ་སྟེ། གཅིག་ནས་སྒྲུང་དཔེ་དེ་གཉིས་ནི་མཚོ་སྔོན་གྱི་སོག་བོད་འདུས་སྡོད་ས་ཁུལ་ནས་རྙེད་པ་ཡིན་པས། ཡུལ་ཁོངས་ཐ་དད་པར 《གེ་སར་སྒྲུང》དར་ཁྱབ་བྱུང་བའི་རྣམ་པ་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་དང་། གཉིས་ནས《གེ་སར་སྒྲུང》གི་སྔ་མོའི་ཡིག་ཆའི་རྣམ་པ་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།
      དབང་ཆེན་ཚེ་རིང་ལགས་ཀྱིས་བཞེད་པ་ལྟར་ན། 《གེ་སར་སྒྲུང》དུ་གནའ་སྔ་མོའི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྟ་རྒྱུག་དང་འཇུ་རེས། མདའ་འཕེན། རྟ་ཐོག་སྤོ་ལོ། མིག་མངས། ཞགས་པ་འཕེན་པ་སོགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིགས་མང་པོ་བཀོད་འདུག་ཅིང་། སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་དེ་དག་དམངས་ཁྲོད་དུ་ཉམས་དམས་སུ་འགྲོ་བཞིན་ཡོད་པས།
      སྒྲུང་དཔེ་བྲིས་མ་གཉིས་སུ་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་མང་པོ་བཀོད་པ་དེས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཐེབས་རྩའི་ལས་གཞི་སྟེ《གེ་སར་སྒྲུང》ཁྲོད་ཀྱི་ལུས་རྩལ་རིག་གནས་རྩིས་བཤེར་དང་ཞིབ་འཇུག་ཅེས་པ་རྩོམ་སྒྲིག་བྱེད་པར་རྒྱུ་ཆ་གལ་པོ་ཆེ་ཞིག་འདོན་སྤྲོད་བྱས་པར་མ་ཟད། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས་པ་རེད།