རྒྱུགས་འབུལ་སློབ་མ་3302ཀྱིས་གཞུང་ཞབས་པའི་རྒྱུགས་སྤྲོད་དུ་ཞུགས་པ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-04-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

           སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཟླ་ 4 པའི་ཚེས་ 13 ཉིན། 2013 ལོའི་ཡུན་ནན་ཞིང་ཆེན་གྱི་གཅིག་གྱུར་གྱིས་གཞུང་ཞབས་པ་བསྡུས་བའི་ཡིག་རྒྱུགས་སྤེལ་བ། རྒྱུགས་འབུལ་སློབ་མ་ 3302 ཀྱིས་བདེ་ཆེན་རྒྱུགས་རར་ཡིག་རྒྱུགས་སུ་ཞུགས་པ། རྒྱུགས་འབུལ་སློབ་མས་ཐག་ཉེ་ས་ནས་ཡིག་རྒྱུགས་སུ་ཞུགས་ཐུབ་ཆེད། རང་ཁུལ་གྱི་རྫོང་གསུམ་གྱིས་རྒྱུགས་ལེན་ས་ཚིགས་4དང་རྒྱུགས་ར་134བཙུགས་པ་རེད།
          གོ་རྟོགས་བྱུང་བ་ལྟར་ན། ད་ལོར་རང་ཁུལ་གྱིས་གཞུང་ཞབས་པ་མི་ 336 བསྡུ་ལེན་བྱ་རྩིས་ཡོད་ལ།  ཆ་སྙོམས་ཀྱི་བསྡུ་ལེན་བསྡུར་ཚད་ནི་ 12: 1 ཡིན། ཀུན་གྱིས་ཡིད་སྨོན་བྱས་པའི་ལས་གནས་ནི་སེམས་ཀྱི་ཉི་ཟླ་རྫོང་ཆེད་བསྐོས་ལས་འགན་ཏེ་མི་དམངས་དྲག་ཆས་པུའུ་ཡི་ལས་མི་ཡིན། མི་8བསྡུ་རྒྱུར་མི་384ཡིས་མིང་ཐོ་འགོད་པས་བསྡུར་ཚད་48:1ལ་ཟིན་པ། 
          གཞུང་ཞབས་པའི་སྡུད་ལེན་རྒྱུགས་སྤྲོད་ལས་ཀ་ཡག་པོ་སྒྲུབ་ཆེད། རང་ཁུལ་གྱིས་ཁུལ་ཨུའི་རྩ་འཛུགས་པུའུ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་སྤྱི་བདེ་ཅུས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་གཅོད་ཁང་། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས། རྫོང་གསུམ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱི་འགན་ཁུར་བ་བཅས་ནས་གྲུབ་པའི་གཞུང་ཞབས་པའི་རྒྱུགས་སྤྲོད་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད།  ཁུལ་དང་རྫོང་གི་གོང་འོག་མཉམ་འབྲེལ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ལས་ཀའི་འཆར་གཞི་ཕྲ་ཞིབ་འགོད་ཅིང་། ལས་ཀའི་འགན་འཁྲི་གཏན་འབེབས་གསལ་པོ་བྱས་ནས། རིམ་པ་བཞིན་དུ་ལས་ཀའི་འགན་འཁྲིའི་གན་རྒྱ་འགོད་པ།  ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་ནུས་པ་ཆེ་བ། འགན་འཁྲིའི་འདུ་ཤེས་ཆེ་བའི་ལས་བྱེད་པ་ 180 བདམས་ནས་རྒྱུགས་སྤྲོད་ལ་ལྟ་ཞིབ་བྱས་པ། གོ་ཆོད་པའི་བྱ་ཐབས་སྣ་མང་ལ་བརྟེན་ནས་རྒྱུགས་རའི་སྒྲིག་ལམ་དམ་པོར་བཏང་བ་དང་། རྒྱུགས་རའི་ཁོར་ཡུག་ཇེ་ཡག་ཏུ་བཏང་ནས་རྒྱུགས་སྤྲོད་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས་པ།དུས་མཚུངས་སུ། ཁུལ་དམངས་ཆེན་དང་། ཁུལ་སྲིད་གྲོས། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་བཅས་ནས་གྲུབ་པའི་ལྟ་སྐུལ་ཚོགས་ཆུང་བཙུགས་ནས། ཡིག་རྒྱུགས་གོ་རིམ་ཡོངས་ཀྱི་ལས་ཡུལ་དངོས་སུ་སྐོར་གཟིགས་དང་ལྟ་སྐུལ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་སྤྱི་ཚོགས་ཀྱིས་གནས་ཚུལ་གོ་བའི་རྒྱ་ཁྱོན་རྒྱ་སྐྱེད་བཏང་ནས། མང་ཚོགས་ཀྱིས་སེམས་བདེ་བ་དང་། སྲིད་གཞུང་གིས་ཡིད་ཚིམ་པ། སྤྱི་ཚོགས་ཀྱིས་ཡིད་ཆེས་ཐུབ་ཐབས་བྱས། 
          ཐེངས་འདིའི་ཡིག་རྒྱུགས་ནི་ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་གྱིས་རྒྱུགས་གཞི་འདོན་པ་དང་། གཅིག་གྱུར་གྱིས་རྒྱུགས་སྤྲོད་པ། གཅིག་གྱུར་གྱིས་རྒྱུགས་ཤོག་ལྟ་བ་རེད།  ཟླ་བ་གཅིག་འགོར་རྗེས་དྲ་ཐོག་ནས་རང་སོའི་རྒྱུགས་འབྲས་ལྟ་ཆོག་པ་རེད།