ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ།ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ་རེད།
        ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་གནས་ཡོད།ཡུན་རིང་མ་སོང་གོང་ངས་ཙུང་ཐུང་ཨའོ་པ་མར་ཞལ་པར་ཕུལ་སྐབས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་འཛུགས་རྒྱུར་ཐུན་མོང་ཐོག་གཞོལ་དགོས་ལུགས་གཉིས་ཀས་བསྐྱར་བཤད་བྱས་པ་དང་།ད་དུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་གནས་བབ་དང་འཕེལ་རྒྱས་ཁ་ཕྱོགས་ངོས་འཛིན་གཏན་འཁེལ་བྱུང་།སླད་ཕྱིན་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྟངས་འཛིན་བྱས་ནས་དགེ་ཚན་ལྡན་པ་དང་འཕེལ་རྒྱས་ཀྱི་མིག་རྒྱང་ཐོག་ནས་ཕན་ཚུན་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཕན་ཚུན་བརྩི་འཇོག་དང་།མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་གི་བསམ་བློའི་ཐོག་ནས་མི་མཐུན་ས་དང་འགལ་ཟླ་སེལ་ཐབས་བྱས་ཏེ་མཉམ་ལས་རོགས་ཟླའི་འབྲེལ་བའི་འཐབ་ཇུས་གོ་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་འདྲ་མཉམ་ཡིད་ཆེས་དང་།ཁོང་ཡངས་མིག་ལྟོས།མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཞིག་འཚོལ་ཞིབ་བྱས་ནས་འཛུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་ཨ་ཕྱོགས་གཉིས་པོས་མཐོ་རིམ་དབར་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་དགོས།ངས་ཙུང་ཐུང་ཨའོ་པ་མ་དང་འགྲོ་འོང་དང་འབྲེལ་བ་བྱེད་འདོད་ཡོད།ཕྱོགས་གཉིས་པོས་ད་དུང་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་ཐད་སྐད་ཆ་ཤོད་རེས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་སོགས་ཀྱི་ལམ་སྲོལ་རྒྱུན་ཡག་པོ་མཐུད་པ་དང་བེད་སྤྱོད་ཡག་པོ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་དེ་རེད།ཕྱོགས་གཉིས་པོས་མཉམ་ལས་ཐད་ཀྱི་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་བཏོད་ནས་ཁེ་ཕན་གྱི་འབྲེལ་ཐག་དམ་དུ་གཏོང་དགོས་པ་དང་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་ཕྱོགས་གཉིས་ཀས་དོ་ཁུར་བྱེད་སའི་གནད་དོན་ཐག་གཅོད་བྱེད་པ་ལས་དཔལ་འབྱོར་ཉོ་ཚོང་གི་གནད་དོན་དེ་ཆབ་སྲིད་ཅན་དུ་འགྱུར་མི་རུང་ཞེས་བསྟན་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་ཨ་ཕྱོགས་གཉིས་པོར་གནད་དོན་འགའ་ཞིག་ཐད་ལྟ་སྟངས་མི་འདྲ་བ་ཡོད།ཕྱོགས་གཉིས་པོས་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོར་བརྩི་འཇོག་དང་།རང་ཚུགས་གདམ་ག་བྱས་པའི་ཕ་རོལ་པོའི་འཕེལ་རྒྱས་ལམ་ཕྱོགས་ལ་བརྩི་འཇོགའབྲེལ་ཡོད་འགལ་ཟླ་སེལ་ཐབས་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འགལ་རྐྱེན་ཆེན་པོ་མ་འཕྲད་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོའི་ངོགས་གཉིས་སུ་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་གཤོང་བའི་བར་ཁམས་འདང་ངེས་ཤིག་ཡོད།ཕྱོགས་གཉིས་པོས་ཨེ་ཤེ་ཡ་ས་ཁུལ་དུ་མཉམ་འགུལ་ཡག་པོ་ཐུབ་རྒྱུར་གཞོལ་ཏེ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།ཁེ་ལི་ཡིས་འཛམ་གླིང་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད།ཨ་རི་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་སར་ལངས་ཏེ་མིག་རྒྱང་སྔར་བས་ཆེ་བ་དང་མིག་རྒྱང་སྔར་བས་རིང་བའི་ཐོག་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་བབ་གཏན་འཁེལ་བྱ་རྒྱུ་ཡིན།ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་བླང་བྱ་གཞིར་བཟུང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་།སྐད་ཆ་ཤོད་རེས་དང་།ཕན་ཚུན་ཡིད་ཆེས།ཕན་ཚུན་མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ།འགྲན་སློང་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ།རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ།འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་ཕྱིར་གསོན་ཤུགས་ཆེན་པོ་ཞིག་བསྣན་རྒྱུ་ཡིན་ཞེས་གསུངས་པ་རེད།