ཡུས་ཀྲེང་ཧྲེང་གིས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་བྱམས་བརྩེའི་ངང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ་རེད།
        པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཡུས་ཀྲེང་ཧྲེང་ལ་མཇལ་དར་ཕུལ་བ་དང་ཉེ་དུས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་ཤིང་།ཁོང་གིས་1995ལོར་གསེར་བུམ་དཀྲུག་འདོན་དང་ཁྲི་ལ་འཁོད་ཚུན་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་གཞུང་པོ་ཏི་ལྔ་སློབ་སྦྱོང་བྱས་པ་དང་དབང་ཞུས་པ་མ་ཟད།སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཙམ་དུ་ལྟ་སྐོར་དུ་སློབ་སྦྱོང་ལ་བསྐྱོད་པ་ཡིན།ན་ནིང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཟུར་ཞུགས་བྱས་པ་དང་འདི་ལོའི་ཟླ་གསུམ་པར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུར་བདམས་བྱུང་ཞེས་ཞུས་པ་དང་།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ངེས་པར་དུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་འགན་འཁྲི་བློ་ལ་ངེས་པ་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་ཏང་དང་རྒྱལ་ཁབ་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་ཞུས་པ་རེད།
        ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་ཡོངས་འཛིན་གྱིས་མཛུབ་ཁྲིད་ནན་པོའི་འོག་པཎ་ཆེན་མཆོག་གིས་འབད་བརྩོན་ཆེན་པོ་གནང་བ་བརྒྱུད་ནང་རིག་པའི་ཤེས་རྒྱ་དང་རིག་གནས་བྱང་ཚད་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་བྱུང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད་ཅེས་གསུངས་པ་དང་།ཁོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བདེ་ཐང་ངང་འཚར་ལོངས་དང་ཡར་རྒྱས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
        ཡུས་ཀྲེང་ཧྲེང་གིས་ཆོས་ལུགས་དར་རྒུད་དེ་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད།རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཚེ་ཆོས་ལུགས་གཞི་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་དགེ་འདུན་པ་ཚོ་ཐོས་བསམ་ལ་བློ་རྩེ་གཅིག་ཏུ་གཞོལ་ཐུབ།རང་རེའི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཀྱི་ནང་དོན་གཙོ་བོ་ཞིག་ནི་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན།སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་པའི་བརྒྱུད་རིམ་ནི་ཏང་དང་སྲིད་གཞུང་གིས་ཁྲིད་སྟོན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ།ཆོས་ལུགས་ལས་རིགས་མི་སྣས་རང་རྟོགས་ངང་འབད་བརྩོན་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན།བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་།སེམས་ཅན་བདེ་ལམ་དུ་འགོད་པ།སྡོམ་སྲུང་ཁྲིམས་སྲུང་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་རྒྱུར་ལེགས་སྐྱེས་ཕུལ་ཏེ་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།ཡུས་ཀྲེང་ཧྲེང་གིས་པཎ་ཆེན་རིན་པོ་ཆེ་ནས་རྟག་ཏུ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ནང་བསྟན་ལ་ཐོས་བསམ་ཧུར་ཐག་གནང་བ་མ་ཟད།ད་དུང་ཚན་རིག་རིག་གནས་ཤེས་བྱ་ཁོང་དུ་ཆུད་པ་བྱས་ནས་ལག་ལེན་དངོས་ནང་ཤེས་རྒྱ་ཆེ་རུ་གཏོང་བ་དང་།འགྲོ་བ་རིགས་དྲུག་བྱམས་སྙིང་རྗེས་སྐྱོང་བའི་བོད་བརྒྱུད་ནང་བསྟན་གྱི་བསམ་པ་རྒྱུན་འཛིན་གནང་ནས་སྤྱི་ཚོགས་ལ་དོ་ཁུར་དང་འགྲོ་བ་རིགས་དྲུག་སེམས་ནང་བཅངས་ཏེ་རང་གི་བྱང་ཚད་མཐོ་རུ་གཏོང་བ།འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་།མེས་རྒྱལ་དང་མི་དམངས་སེམས་ནང་བཅངས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་དད་བཀུར་ཞུ་སའི་བླ་མ་སྐྱེས་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལིན་ཅི་ཧྭ་སོགས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།