ནུབ་ཀྱི་མ་ཕམ་གཡུ་མཚོ་ཅུང་ཟད་བརྗོད་པ།

རྩོམ་པ་པོ།   མི་གསལ །   ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   

       དེ་ཡང་སྔོན་བསྐལ་བ་ཆགས་པའི་དུས་སུ་མཚོ་འདི་མེད་པ་ལ་དེའི་རྗེས་དུས་ཤིག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྨྱུག་སྦུམ་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་པ་ཞིག་བྱུང་ཞིང་རྒྱལ་བོ་དེ་དུས་ནམ་ཞིག་སྐྱེད་མོས་ཚལ་དུ་འབྱོན་པའི་ལམ་ཁར་སྐྱེས་རྒ་ན་འཆིའི་སྡུག་བསྔལ་ལ་གཟིགས་ཏེ་སྐྱོ་བ་ཤིན་ཏུ་སྐྱེས་ནས་རྒྱལ་པོས་བླ་མཆོད་བྲམ་ཟེ་དུས་སྦོག་ཅེས་བྱ་བ་ལ་བཀའ་བསྩལ་བ།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་དག་བདག་ཅན་སྐྱེ་བོ་ཀུན་གྱི་ཐུན་མོང་གི་ཆོས་ཡིན་ནམ་འོན་ཏེ་འདི་ཉིད་ཁོ་ནའི་ཡིན།  བྲམ་ཟེས་སྨྲས་པ་ལྷ་འདི་ལ་ཕན་ཐབས་མཆིས་ཏེ་གཏན་པ་མེད་པའི་སྦྱིན་གཏོང་རིགས་སོ།།ཞེས་གསོལ་བས།  རྒྱལ་པོས་ཀྱང་སྦྱིན་གཏོང་གི་ཁང་པ་བརྩིགས་ཤིང་།  འཛམ་གླིང་གི་མི་ཐམས་ཅད་བསྡུས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་གོས་དང་ནོར་ལ་སོགས་པ་ཅི་འདོད་པའི་གཏན་པ་མེད་པའི་སྦྱོན་གཏོང་རྒྱ་ཆེན་པོ་མཛད་པའི་ཚེ་ས་ལ་དོང་ཆེན་པོ་བྲུས་ནས་དེར་འབྲས་གཙོས་པའི་ཁུ་བ་རྣམས་འཕོ་བ་ལས་ལོ་བཅུ་གཉིས་ལོན་པ་ན་དོང་གང་ནས་མཚོ་ཆེན་པོ་མ་དྲོས་སུ་འགྱུར་བར་གྲགས་སོ།།
       མཚོ་འདི་ཉིད་ཀྱི་དབྱིབས་ནི་གྲུ་བཞི་ཡིན་ཞིང་མཚོའི་དཀྱིལ་མཐོ་ལ་མཐའ་དམའ་བ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། ནང་དུ་ཡོན་ཏན་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་སྣ་ཚོགས་པས་བརྒྱན་ཞིང་ཆུ་བྱ་སྣ་ཚོགས་སྐད་སྙན་སྒྲ་སྒྲོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ་གངས་ལྗོངས་ཀྱི་མཛེས་རྒྱན་དུ་གྱུར་བའི་མཚོ་ཆེན་བཞིའི་གྲས་ཡིན་པ་དང་མཚོ་གཞན་གསུམ་ལས་ཀྱང་གཏིང་ཟབ་ཤོས་དང་།  མཁའ་རླུང་མཐོ་ཤོས་བཅས་ཀྱི་ཁྱད་འཕགས་ཀྱི་རང་བཞིན་མངོན་གསལ་དུ་གྲུབ་ཡོད་པས་ཕྱི་ནང་ཀུན་གྱི་རྩ་ཆེར་འཛིན་ཞིང་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཆེ་བ་ཞིག་ཡིན།  
       མཚོ་འདི་ཡི་མཐོ་ཚད་ནི་མཚོ་ངོས་ལས་སྤྱི་ཁྲེ་བཞི་སྟོང་དྲུག་བརྒྱ་ཙམ་ཟིན་གྱི་ཡོད་པ་དང་།  མ་ཕམ་གཡུ་མཚོའི་མཚོ་ཞེང་གི་རྒྱ་ཁྱོན་མངོན་གསལ་དུ་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་ཉི་ཤུ་ཟིན་གྱི་ཡོད་ཅིང་མཚོའི་གཏིང་ཚད་ནི་སྤྱི་ཁྲེ་དགུ་བཅུ་གོ་གཉིས་ལྷག་ཙམ་ཟིན་གྱི་ཡོད། དེ་བཞིན་མ་ཕམ་གཡུ་མཚོའི་དྭངས་ཚད་ཀྱང་སྤྱི་ཁྲེ་བཅོ་ལྔ་གསལ་གྱི་ཡོད་ཅེས་བརྗོད་ལ་མཚོ་སྐོར་རྐྔ་པ་གཅིག་ལ་སྤྱི་ལེ་བརྒྱད་ཅུ་གྱ་བཞི་ཡོད་པས་རྟ་ལམ་ཉི་མ་གཅིག་གིས་འཁོར་བ་དང་སྤྱིར་བཏང་མིས་ཉིན་བཞི་ལ་མཚོ་སྐོར་གཅིག་འཁོར་གྱི་ཡོད་པར་གསུངས། 
       དེ་ལྟ་བུའི་མཚོ་ལ་མ་དྲོས་མཚོ་དང་།  པད་མ་བླ་མཚོ།  ཡོངས་གྲགས་ཆེ་བ་མ་ཕམ་གཡུ་མཚོ་ཞེས་གསུམ་དུ་བརྗོད་ཅིང་།  དེ་ཡང་མ་དྲོས་མཚོ་ཞེས་པ་ནི་ཀླུ་ཡི་རྒྱལ་པོ་མ་དྲོས་པའི་ཕོ་བྲང་ཡིན་པས་ན་མ་དྲོས་མཚོ་ཞེས་དང་།  པད་མ་བླ་མཚོ་ཞེས་པ་ནི་དབྱིབས་པད་མ་འདབ་བརྒྱད་དང་མཚུངས་ཤིང་འདབ་མ་རེ་རེེའི་ཕུ་ནས་ཆུ་རེ་འབབ་པས་ན་པད་མ་བླ་མཚོ།  མཚོ་འདི་ཉིད་ལ་མ་ཕམ་ཞེས་འབོད་པ་ནི་འདི་ཉིད་ཀྱི་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཁོ་ན་ཡིན་ཞིང་ཡོན་ཏན་གྱིས་མ་ཕམ་ཞེས་དང་མཚོའི་ཁ་དོག་གཡུ་ལྟར་སྔོ་བས་མ་ཕམ་གཡུ་མཚོར་གྲགས་སོ།།