ཡུལ་བསྟོད་མེ་ཏོག་ཕྲེང་མཛེས།

རྩོམ་པ་པོ།   ཕག་མོ་དོན་འགྲུབ།   ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   

གནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་གནས་པའི༎
ལྷ་ཕྱག་ན་པད་མའི་གདུལ་ཞིང་དུ་བཤད་པ༎
ཡུལ་འཛམ་གླིང་ཡང་རྩེར་མཚན་སྙན་གྱིས་བརྒྱན་པའི༎
ཕྱོགས་གངས་ཀྱིས་བསྐོར་བའི་བོད་ཡུལ་འདི་རྨད་བྱུང་༎
དེའི་སྙིང་བོ་མེ་ཏོག་ལུ་གུ་ཡིས་བརྒྱན་པ༎
རི་ལུང་ཐང་མེད་པར་ཕྱུགས་རིགས་ཀྱིས་གང་བ༎
སྤྱིར་མི་རྣམས་ཚུལ་མཐུན་སེམས་དཔའ་ཡི་རྗེས་འཇུག།
ཡུལ་མདོ་སྨད་མགྱོ གས་འགྲོའི་ཆོལ་ཁ་འདིའི་ཡ་གྱལ༎

མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་མཐའ་ན་གནས་པ༎
བོད་མདོ་སྨད་རྫོང་བཞིའི་ཡ་གྱལ་དུ་བགྲངས་བ༎
གནས་བྲག་དཀར་སྤྲེལ་རྫོང་ཉེ་འདབས་ན་གནས་པའི༎
ཡུལ་ཤ་སྦྲང་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ་འདུག།

རི་མཐོན་པོ་གནམ་གྱི་ཀ་བ་དང་འདྲ་ཞིང་༎
མཚོ་དྭངས་མོ་གཡུ་ཡི་མེ་ལོང་ལ་འགྲན་པ༎
སྤང་ཡངས་པོ་གོས་ཆེན་བཏང་བ་དང་འདྲ་བའི༎
ཕྱོགས་ཀུན་ནས་བརྒྱན་པའི་ཕ་ཡུལ་འདི་སྤྲོ་སྤྲོ༎

ཕ་ཡུལ་སྐྱིད་པོ་གཡང་གི་ར་བ་འདིར༎ 
རི་བོ་མཐོན་པོ་ནགས་ཀླུང་གཙང་བོ་སོགས༎
བཤད་དང་བགྲང་ན་ཚར་རྒྱུ་མི་འདུག་མོད༎
དེ་ལས་དཔེ་མཚོན་འགའ་ཞིག་སྨྲ་རྒྱུ་ན༎

ཧི་མ་ལ་དང་རི་དབང་ལྷུན་པོ་ཡང་༎
ཆེས་ཆེར་མཐོ་ན་འདབས་ཀྱི་རྐང་འཐུང་ཙམ༎
སྒྲིབ་པར་བྱེད་པ་ཧང་ངེ་རི་རྒན་ཞེས༎
མཚན་ཙམ་ཐོས་པས་སྲིད་ཞིའི་རྒྱན་དུ་གྱུར།

དབང་ཕྱུག་རལ་བར་བསྐྱིལ་བའི་གང་གཱ་དང་༎
རྨ་ཆེན་གངས་ལས་བྱུང་བའི་རྨ་ཆུ་ལ༎
དམན་སྟེར་ཧང་ཆུ་ཡན་ལག་བརྒྱད་ལྡན་འདི༎
ལྷུང་ལྷུང་བཞུར་ཞིང་འཛམ་གླིང་ཡུལ་ཀུན་བསྐོར༎

ད་དུང་འབྱོར་ཕྱུག་ལྡན་པའི་ཕ་ས་འདིར༎
གོང་གི་དཔེ་མཚོན་ཙམ་གྱིས་མི་ཆོག་མོད༎
འོན་ཀྱང་བདག་གི་བྱིས་བློ་ཕྲ་མོ་ཡིས༎
གཞལ་བར་དཀའ་བས་འདི་ལས་མ་ནུས་མོད༎

མཐར་གཡང་ལྡན་ཕ་ཡུལ་སྐྱིད་པོ་ལ༎
ཁྱིམ་གྱི་མི་ལ་ནད་མེད་ཚེ་རིང་དང་༎
སྒོ་ཡི་ཕྱུགས་ལ་གོད་མེད་བཀྲ་ཤིས་པའི༎
བཀྲ་ཤིས་ཁ་གཡང་ཡང་ནས་ཡང་དུ་འབོད༎