ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སྐོར་གླེང་བ།

རྩོམ་པ་པོ།   མི་གསལ །   ཡིག་བསྒྱུར།       དུས་ཚོད།   2013-04-11   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

         དུས་རབས་གསར་བར།རང་རྒྱལ་ལ་བཅོས་སྒྱུར་དང་འཕེལ་རྒྱས།བརྟན་འཇགས་བཅས་ཀྱི་རྣམ་པ་བཟང་པོ་བྱུང་།དེའི་རྒྱུ་མཚན་ཞིག་ནི་རིགས་སོ་སོའི་མི་དམངས་རྣམས་སྔོན་ཆད་ཡུན་རིང་པོའི་དམག་འཁྲུག་དང་ཟིང་འཁྲུག་གི་ལོ་ཟླ་བརྒྱུད་པས།རྒྱལ་ཁབ་རང་བཙན་དང་།མི་རིགས་མཐུན་སྒྲིལ།ཞི་བའི་འཕེལ་རྒྱས་བཅས་ཀྱི་ཐོབ་དཀའ་བའི་རྣམ་པར་རང་བཞིན་གྱིས་ལྡབ་ལྷག་གིས་གཅེས་སྤྲས་བྱས་པའི་རྐྱེན་ཡིན་ལ།རྒྱུ་མཚན་གཞན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་གཞིར་བཟུང་ཞིང་།ཀྲུང་གོའི་གནས་ཚུལ་ལ་དམིགས་ནས།མི་རིགས་ཆོས་ལུགས་ཐད་ཀྱི་གནད་དོན་ཐག་གཅོད་ཡང་དག་བྱེད་པའི་གཞུང་ལུགས་དང་སྲིད་ཇུས་ཆ་ཚང་ཞིག་ཆགས་པར་བྱས་པ་མ་ཟད།ལྷག་བསམ་ཟོལ་མེད་ཀྱིས་དེ་ལག་བསྟར་བྱས་ཏེ།རིགས་སོ་སོའི་མི་དམངས་ཀྱི་སྲུང་སྐྱོབ་དང་རྒྱབ་སྐྱོར་ཐོབ་པའི་རྐྱེན་རེད།འཛམ་གླིང་གི་རྒྱལ་ཁབ་གཞན་པ་དག་དང་བསྡུར་ན།ང་ཚོས་མི་རིགས་ཆོས་ལུགས་གནད་དོན་ཐག་བཅད་པ་ཧ་ཅང་ལེགས་འགྲུབ་ཡིན་ལ།དེ་ནི་ང་ཚོ་དགའ་འོས་པ་ཞིག་ཀྱང་རེད།དོན་དངོས་ལས་ང་ཚོའི་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནི་ཧ་ཅང་ཡང་དག་ཡིན་པ་ར་སྤྲོད་བྱས་ཡོད་ལ།ཡང་དག་པའི་སྲིད་ཇུས་དང་ལམ་ལུགས་དེ་དག་གིས་རང་རྒྱལ་གྱི་མི་རིགས་ཀྱི་མཐུན་སྒྲིལ་དང་ཆོས་ལུགས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱས་པ་དང་།མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་ཁག་ཐེག་བྱས་ཤིང་།ང་ཚོ་མི་རིགས་མང་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་གཅིག་གྱུར་དང་དཔལ་འབྱོར་འཕེལ་རྒྱས།སྤྱི་ཚོགས་བརྟན་འཇགས་བཅས་ལ་ཁག་ཐེག་བྱས་ཡོད།ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་འོག་ལོ་ངོ་བརྒྱད་ཅུ་ལྷག་གི་རིང་ལ་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་གྲུབ་པའི་ཀྲུང་གོའི་མི་རིགས་ཆོས་ལུགས་ཀྱི་གནས་ཚུལ་དང་།མི་རིགས་ཆོས་ལུགས་ཀྱི་འབྲེལ་བ།མི་རིགས་ཆོས་ལུགས་ཀྱི་གནད་དོན་བཅས་ཐད་ཀྱི་གཞི་རྩའི་ལྟ་བ་དང་གཞི་རྩའི་ལངས་ཕྱོགས།གཞི་རྩའི་ཉམས་མྱོང་བཅས་དང་།དེའི་རྨང་གཞིའི་སྟེང་བཏོན་པའི་མི་རིགས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ཐབས་ལམ་ཡིན།དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རབས་འགའི་མགོ་ཁྲིད་ཐུན་མོང་དང་རབས་འགའི་གུང་ཁྲན་ཏང་མིའི་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་དང་།ང་ཚོའི་ཏང་གི་རྒྱུ་ནོར་རྩ་ཆེན་ཡིན་ལ།ང་ཚོས་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པའི་རྩ་བའི་ཁག་ཐེག་ཀྱང་ཡིན།

        ཁག་དང་པོ།རང་རྒྱལ་གྱི་མི་རིགས་སྤྱིར་བཤད་པ།

        སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྟེང་ཕུལ་བའི་སྙན་ཞུའི་ནང་དུ།མི་རིགས་ཀྱི་བྱ་བ་བཟང་པོར་སྒྲུབ་པ་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་བསྐྱེད་པ་དང་།མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ།བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ནང་དོན་གལ་ཆེན་དུ་བཞག་ཡོད།སྙན་ཞུ་ལས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་།ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད་ལ།སྙན་ཞུ་ལས་མི་རིགས་ཀྱི་འབྲེལ་བ་སོགས་འབྲེལ་བ་ཆེན་པོ་ལྔ་འཆམ་མཐུན་ཡོང་བར་བྱེད་པ་དེ་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་སྟོབས་ཤུགས་གཅིག་བསྡུ་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ལྡན་ཞེས་ནན་གྱིས་བསྟན་ཡོད།སྙན་ཞུ་ལས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་།མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ།གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་དང་།འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས།འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་བའི་དུས་སྐབས་གསར་བའི་མི་རིགས་བྱ་བའི་སྤྱིའི་རེ་བ་འདི་བཏོན་ནས།མི་རིགས་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་ཏེ།མི་རིགས་འབྲེལ་བ་སྔར་ལས་འཆམ་མཐུན་ཡོང་བའི་རྣམ་པ་གསར་བ་བསྐྲུན་པར་གཞུང་ལུགས་དང་བསམ་བློའི་རྨང་གཞི་བརྟན་པོ་བཏིངས་ཡོད།

        1. ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།

        ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།གནའ་ནས་ད་བར་དུ་ཀྲུང་གོའི་མངའ་ཁོངས་སྟེང་བཅའ་སྡོད་བྱས་པའི་མི་རིགས་ཀྱི་སྤྱི་མིང་ལ་ཀྲུང་ཧྭ་མི་རིགས་ཟེར།ད་བར་དུ་གཏན་ཁེལ་བྱས་ཟིན་པ་མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་ཁས་བླངས་པའི་མི་རིགས་ལྔ་བཅུ་ང་དྲུག་ཡོད།རྒྱ་རིགས་ལས་གཞན་པའི་མི་རིགས་ང་ལྔའི་མི་གྲངས་རྒྱ་རིགས་དང་བསྡུར་ན་ཅུང་ཉུང་བས།གོམས་སྲོལ་ལྟར་ན་གྲངས་ཉུང་མི་རིགས་ཞེས་འབོད།ཉིས་སྟོང་ལོའི་རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་བཤེར་ཐེངས་ལྔ་བ་ལྟར་ན།ཀྲུང་གོའི་ནང་ལོགས་སུ་མི་གྲངས་དུང་ཕྱུར་བཅུ་གཉིས་དང་བྱེ་བ་དྲུག་ས་ཡ་ལྔ་ཡོད་ལ།དེའི་ནང་དུ་རྒྱ་རིགས་ཀྱི་མི་གྲངས་དུང་ཕྱུར་བཅུ་གཅིག་དང་བྱེ་བ་ལྔ་ས་ཡ་དགུ་ཡོད་པ་དང་།གྲངས་ཉུང་མི་རིགས་ང་ལྔའི་མི་གྲངས་དུང་ཕྱུར་གཅིག་དང་ས་ཡ་དྲུག་ཡོད།ཀྲུང་གོའི་མི་རིགས་སོ་སོའི་ཁྱབ་ཚུལ་གྱི་ཁྱད་ཆོས་ནི།རིགས་མང་པོ་འདུས་སྡོད་བྱེད་པ་དང་འདུས་སྡོད་ཀྱི་གཞི་ཁྱོན་ཆུང་བ།ཕན་ཚུན་མཉམ་དུ་འདྲེས་ནས་འདུག་པ་བཅས་རེད།རྒྱ་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་བསྡད་ཡོད་པ་དང་།གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་རྒྱ་རིགས་བསྡད་ཡོད།ཁྱབ་ཚུལ་གྱི་རྣམ་པ་དེ་ནི་ལོ་རྒྱུས་རིང་པོའི་འཕེལ་རིམ་ཁྲོད་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་།གནས་སྤོར།འགྲོ་རྒྱུགས་བཅས་བྱས་ཏེ་གྲུབ་པ་རེད།ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཉུང་ན་ཡང་ཁྱབ་རྒྱ་ཧ་ཅང་ཆེ།རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་སོ་སོ་ཚང་མ་ན་གྲངས་ཉུང་མི་རིགས་བསྡད་ཡོད་ལ།རྫོང་རིམ་པའི་ལས་ཁུངས་མང་ཆེ་ཤོས་སུ་མི་རིགས་གཉིས་ཀྱི་ཡན་ཡོད།ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་གཙོ་བོ་ནང་སོག་དང་ཞིན་ཅང་།ཉིན་ཞ།ཀོང་ཞི།བོད་ལྗོངས།ཡུན་ནན།ཀོས་ཀྲིགམཚོ་སྔོན།ལེའོ་ཉིན།ཅི་ལིན།ཧི་པེ།ཧུའུ་ནན།ཧུའུ་པེ།ཧེ་ནན།ཁྲུང་ཆིན།ཐེ་ཝན་སོགས་ཞིང་ཆེན་དང་གྲོང་ཁྱེར།རང་སྐྱོང་ལྗོངས་བཅས་སུ་ཁྱབ་ཡོད།

        ད་ལྟ་རང་ཞིང་ལ་མི་རིགས་ཀྱི་གྲུབ་ཆ་ཞེ་གསུམ་ཡོད་པ་དང་།སྤྱིའི་མི་གྲངས་ས་ཡ་ལྔ་དང་འབུམ་ལྔ་ཡོད་།དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ས་ཡ་གཉིས་དང་འབུམ་བཞི་ཁྲི་དྲུག་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ཞེ་ལྔ་ཟིན་ཡོད།

        2. ཀྲུང་ཧྭའི་མི་རིགས་སོ་སོས་མཉམ་དུ་མེས་རྒྱལ་གྱི་ལོ་རྒྱུས་དང་རིག་གནས་བསྐྲུན་པ་རེད།

        ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་པོའི་ཁྲོད་དུ།ཀྲུང་ཧྭ་མི་རིགས་ཀྱིས་མཉམ་དུ་མེས་རྒྱལ་གྱི་མཐའ་ཡས་པའི་མངའ་ཁོངས་གསར་སྤེལ་བྱས་པ་དང་།མེས་རྒྱལ་གྱི་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ།མཉམ་དུ་མེས་རྒྱལ་གྱི་ཡུན་རིང་པོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་བསྐྲུན།གནའ་བོའི་ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་ཞཱ་དང་ཧྲང་།ཀྲིག་ནས་ཁྲུན་ཆིག་ཀྲན་གོའི་དུས་སྐབས་དང་།ཆིན་དང་ཧན་རྒྱལ་རབས་བར་གྱི་ལོ་རྒྱུས་ཀྱི་དུས་སྐབས་རིང་པོར།ཧྭ་ཞཱ་དང་མེའོ་མན་སོགས་རིགས་མང་པོས་རྨ་ཆུའི་བཞུར་རྒྱུད་དང་།འབྲི་ཆུའི་བཞུར་རྒྱུད།ཤར་ཕྱོགས་མཚོ་འགྲམ་ས་ཁུལ་བཅས་གསར་སྤེལ་བྱས་པ་དང་།མི་རིགས་གཞན་པ་སོ་སོས་མཐའ་མཚམས་ཀྱི་ས་ཁུལ་མཐའ་ཡས་པ་གསར་སྤེལ་བྱས།སུའུ་ཧྲིན་དང་ཏུང་ཧུའུ།ཞན་པེ།ཞུན་ནུའུ།ཏིས་སོགས་རིགས་ཀྱིས་ཤར་ཕྱོགས་ས་ཁུལ་དང་སོག་པོའི་རྩྭ་ཐང་།ཧྭ་པེ་བྱང་ཕྱོགས་ཀྱི་རྒྱ་ཆེའི་ས་ཁུལ་གསར་སྤེལ་བྱས་པ་དང་།རོང་དང་འཇང་།ཧྲི་སོགས་རིགས་ཀྱིས་མདོ་དབུས་མཐོ་སྒང་གསར་སྤེལ་བྱས་ལ།བུའུ་སུན་དང་ཡེའོ་ཀྲིས།སད་ཀྲུང་སོགས་རིགས་ཀྱིས་ད་ལྟའི་ཞིན་ཅང་དང་དེའི་ནུབ་ཕྱོགས་ཀྱི་ས་ཁུལ་ཆེན་པོ་གསར་སྤེལ་བྱས།ཕུའུ་དང་ཡེའོ་སོགས་རིགས་ཀྱིས་འབྲི་ཆུའི་དབུས་སྨད་ལྷོ་ཕྱོགས་ཀྱི་ས་ཁུལ་གསར་སྤེལ་བྱས་པ་དང་།ལྷོ་ནུབ་ཀྱི་རིགས་སོ་སོས་ལྷོ་ནུབ་ཀྱི་མཐའ་མཚམས་ས་ཁུལ་རྒྱ་ཆེན་པོ་གསར་སྤེལ་བྱས།རྗེས་སུ་གྲངས་ཉུང་མི་རིགས་སྔར་ལས་མང་པོས་བསྟུད་མར་མེས་རྒྱལ་གསར་སྤེལ་གྱི་ལོ་རྒྱུས་ཁྲོད་བྱས་རྗེས་བཞགདཔེར་ན་ཁྲིས་ལི་དང་ཐུ་བྷོད།ཐུའུ་ཅེའོ།ཧོས་ཧི།ཆི་ཏན།ཏང་ཞང་།ནུའུ་ཀྲིན།སོག་པོ།ཁྲའོ་ཞན་སོགས་མི་རིགས་ཧ་ཅང་མང་།ཀྲུང་གོ་ཆིན་དང་ཧན་རྒྱལ་རབས་ཀྱི་སྐབས་སུ་གཅིག་གྱུར་གྱི་རྒྱལ་ཁབ་ཏུ་གྱུར་རྗེས་ཀྱི་ལོ་ངོ་སྟོང་གཉིས་ལྷག་གི་རིང་དང་།ལྷག་པར་དུ་ཧན་དང་ཐང་།ཡོན།མེན།ཆིང་བཅས་རྒྱལ་རབས་སོ་སོའི་འབད་བརྩོན་བརྒྱུད་དེ།རྒྱལ་ཁབ་ཀྱི་གཅིག་གྱུར་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དང་སྲ་བརྟན་དུ་སོང་།ལྷག་ཏུ་ཉེ་རབས་ཀྱི་རྗེས་སུ།ཀྲུང་གོ་མི་སེར་སྤེལ་ཡུལ་ཕྱེད་ཀ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཀ་རུ་གྱུར་ནས།ཀྲུང་ཧྭ་མི་རིགས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན།བརྙས་བཅོས་བཅས་མྱངས་ཏེ།གཉའ་གནོན་མྱོང་བའི་མི་རིགས་སུ་གྱུར་ན་ཡང་།རྒྱལ་ཁབ་ཀྱི་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་ལ་སྲུང་སྐྱོབ་བྱེད་ཆེད།མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་ཕྱིའི་བཙན་འཛུལ་ལ་བཀག་འགོག་བྱས་ཏེ།བཙན་འཛུལ་བ་དང་མི་རིགས་ཁ་བྲལ་རིང་ལུགས་པར་གཡོ་མེད་འགྱུར་མེད་ཀྱི་འཐབ་རྩོད་བྱས་པ་དང་།ཀྲུང་གོའི་མི་རིགས་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ཏེ།མཉམ་དུ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱས།

         རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་ཀྲུང་གོ་མཉམ་དུ་གསར་འཛུགས་དང་གོང་སྤེལ།འཛུགས་སྐྲུན་བཅས་བྱེད་པའི་ལོ་རྒྱུས་རིང་པོའི་ཁྲོད་དར་རྒྱས་ཆེ་བའི་དཔལ་འབྱོར་དང་འོད་སྟོང་འབར་བའི་རིག་གནས་བསྐྲུན་ཡོད།ཐོག་མར་གྲངས་ཉུང་མི་རིགས་སོ་སོས་རང་གི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་ལག་རྩལ་བཀོལ་ནས།སྲོལ་རྒྱུན་གྱི་དངོས་པོའི་རིག་གནས་གསར་སྐྲུན་བྱས་ཏེ།མེས་རྒྱལ་གྱི་དཔལ་འབྱོར་སྣ་མང་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་བཏོན་ཡོད་དེ།ཕྱུགས་ལས་ཐོན་སྐྱེད་ཀྱི་ཕྱོགས་ནས་བཤད་ན།ཕྱུགས་ལས་གཉེར་བའི་གྲངས་ཉུང་མི་རིགས་མང་པོས་ཐོག་མར་རྒྱུད་བཟང་ཕྱུགས་རིགས་མང་པོ་གསོས་ཏེ།རྟ་གསོ་བའི་ལག་རྩལ་དང་རྐྱ་རྩལ།རྟ་དང་བོང་བུ།དྲེལ་སོགས་ཕྱུགས་རིགས་རྒྱའི་ས་ཆར་བསྐྱལ་བ་རེད།ཞིང་ལས་ཐོན་སྐྱེད་ཀྱི་ཕྱོགས་ནས་བཤད་ན།གནའ་བོའི་གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་སྔ་མོ་ནས་ཞིང་ལས་ལོ་ཏོག་མང་པོ་འདེབས་པའི་ལག་རྩལ་ཤེས་ཡོད་དེ།དཔེར་ན་ཆུ་འབྲས་འདེབས་པའི་ལག་རྩལ་ནི་གནའ་བོའི་ལྷོ་ཕྱོགས་ཀྱི་ཡེའི་མིས་གསར་གཏོད་བྱས་པ་དང་།ཞིན་ཅང་ས་ཁུལ་གྱི་རིགས་སོ་སོས་ཆིན་དང་ཧན་གྱི་དུས་སྐབས་ནས་བཟུང་འབྲུ་རིགས་སྣ་ལྔ་དང་གཙོ་མ།རྒུན་འབྲུམ་སོགས་ལོ་ཏོག་མང་པོ་འདེབས་ཤེས།གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་གནའ་ནས་ཅུང་དར་རྒྱས་ཆེ་བའི་ལག་ཤེས་བཟོ་ལས་ཤེས་ཏེ།འཁེལ་འཐག་ལག་རྩལ་ནི་ལིས་རིགས་ས་ཁུལ་ནས་རྒྱ་རིགས་ས་ཁུལ་ལ་དར་བ་རེད།དེས་མི་ཚད་གྲངས་ཉུང་མི་རིགས་སོ་སོས་རང་གི་ཁྱད་ཆོས་ལྡན་པའི་བསམ་པའི་རིག་གནས་གསར་གཏོད་བྱས་ཏེ།མེས་རྒྱལ་གྱི་རིག་གནས་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།གྲངས་ཉུང་མི་རིགས་སོ་སོས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱས་ཡོད་དེ།དཔེར་ན་བོད་ཀྱི་གེ་སར་རྒྱལ་པོའི་སྒྲུང་དང་སོག་རིགས་ཀྱི་ཅང་གུར།ཁི་ཨར་ཁི་ཙི་རིགས་ཀྱི་མ་ན་སི་བཅས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་ལྟ་བུ་རེད།གྲངས་ཉུང་མི་རིགས་སོ་སོར་ད་དུང་ཐུན་མིན་ཁྱད་ཆོས་ལྡན་པའི་རོལ་མོ་དང་ཞབས་བྲོ།རོལ་དབྱངས་དང་ཟློས་གར་སོགས་ཡོད།

        ཁག་གཉིས་པ།རང་རྒྱལ་གྱི་མི་རིགས་སྲིད་ཇུས།

        བློ་མཐུན་མའོ་ཙེ་ཏུང་གི་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་དམངས་ཀྱི་མཐུན་སྒྲིལ།རྒྱལ་ནང་གི་མི་རིགས་སོ་སོའི་མཐུན་སྒྲིལ་བཅས་ནི་ང་ཚོའི་ལས་དོན་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་གཞི་རྩའི་ཁག་ཐེག་ཡིན་ཞེས་པའི་གཏན་ཚིག་གྲགས་ཅན་དེ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་།ངེས་པར་དུ་མི་རིགས་ཀྱི་དམིགས་བསལ་རང་བཞིན་དང་ས་ཁུལ་གྱི་དམིགས་བསལ་རང་བཞིན་གཞིར་བཟུང་ནས།གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་རང་བཞིན་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དམིགས་བསལ་རང་བཞིན་ལ་གཟིགས་སྐྱོང་བྱེད་དགོས་པ་དང་།མི་རིགས་ཐད་ཀྱི་ངོ་བོ་མི་འདྲ་བའི་གནད་དོན་སྣ་ཚོགས་ཡང་དག་པའི་སྒོ་ནས་ཐག་བཅད་དེ།སྤྱི་ཚོགས་རིང་ལུགས་མེས་རྒྱལ་གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ།མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དང་བརྟན་འཇགས།འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་དགོས་པ་དང་།རྒྱལ་ཁབ་ཀྱི་ཡུན་རིང་གི་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཡར་སྐུལ་བྱེད་དགོས།

        1. མི་རིགས་འདྲ་མཉམ་མཐུན་སྒྲིལ་གྱི་སྲིད་ཇུས།

        ཀྲུང་གོ་ནས་མི་རིགས་འདྲ་མཉམ་ནི་མི་རིགས་སོ་སོའི་མི་གྲངས་ཀྱི་མང་ཉུང་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་མཐོ་དམའ།ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་འདྲ་མིན་ལ་མི་བལྟ་བར་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པ་དང་།འདྲ་མཉམ་གྱི་གོ་གནས་ཡོད་ལ།རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་ཡོད་ཚད་ནས་ཁྲིམས་ལྟར་འདྲ་མཉམ་གྱི་དབང་ཆ་ཡོད་པ་དང་།འདྲ་མཉམ་གྱི་འོས་འགན་ལག་བསྟར་བྱས་ཏེ།རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱེད་པ་དེར་གོ།མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོས་སྤྱི་ཚོགས་འཚོ་བ་དང་འགྲོ་འོང་ཁྲོད་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་།མཛའ་མཐུན་མཉམ་གནས་བྱེད་པ།ཕན་ཚུན་བརྩི་བཀུར་དང་རོགས་རམ་བྱེད་པར་གོ།མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ཏེ།མི་རིགས་འདྲ་མཉམ་མེད་ན།མི་རིགས་མཐུན་སྒྲིལ་འབྱུང་མི་ཐུབ།མི་རིགས་མཐུན་སྒྲིལ་ནི་མི་རིགས་འདྲ་མཉམ་གྱི་མཇུག་འབྲས་ཡིན་པ་དང་།མི་རིགས་སོ་སོ་དངོས་སུ་འདྲ་མཉམ་ཡོང་བར་བྱེད་པའི་འགན་སྲུང་ཡིན།མི་རིགས་འདྲ་མཉམ་མཐུན་སྒྲིལ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྱི་རྨང་རྡོ་ཡིན་པ་དང་།རང་རྒྱལ་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་སྲིད་ཇུས་གལ་ཆེན་ཡིན།སྲིད་ཇུས་གལ་ཆེན་དེ་ལག་ལེན་མཐར་ཕྱིན་བྱེད་ཆེད།ཏང་དང་རྒྱལ་ཁབ་ཀྱིས་གཙོ་བོ་གཤམ་གྱི་བྱེད་ཐབས་གཙོ་བོ་འདི་དག་སྤྱོད་བཞིན་ཡོད།གཅིགམི་རིགས་གཉའ་གནོན་དང་བཤུ་གཞོག་གི་ལམ་ལུགས་གཏོར་བ་དང་མི་རིགས་ཆེ་ཆུང་ཚང་མ་འདྲ་མཉམ་དུ་བཏང་ནས།མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།གཉིས།རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྣམ་པར་བརྟེན་ནས་མི་རིགས་འདྲ་མཉམ་མཐུན་སྒྲིལ་གྱི་སྲིད་ཇུས་གཏན་ཁེལ་གསལ་བོ་བྱས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སོ་སོ་ཡོངས་སུ་འདྲ་མཉམ་ཡིན།རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་དང་དབང་ཆ་ལ་འགན་སྲུང་བྱེད་པ་དང་།མི་རིགས་སོ་སོའི་འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་འཕེལ་དུ་གཏོང་ལ།མི་རིགས་གང་རུང་ལ་མཐོང་ཆུང་དང་གཉའ་གནོན་བྱེད་པར་བཀག་འགོག་བྱེད་པ་དང་།མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པ་དང་མི་རིགས་སིལ་བུར་གཏོར་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་པ་ཡིན་ཞེས་དང་།མིརིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད།མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཏེ།གཙོ་བོ་རྒྱ་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་།ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་དགོས་ཞེས་གཏན་ཁེལ་བྱས་ཡོད།གསུམ།ཆབ་སྲིད་ཀྱི་ཐད་ནས་གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་འདྲ་མཉམ་གྱི་དབང་ཆར་འགན་སྲུང་བྱས་ཏེ།ཁོ་ཚོར་རང་བདག་གིས་མི་རིགས་རང་གི་ནང་ཁུལ་གྱི་དོན་དག་དང་རྒྱལ་ཁབ་ཀྱི་དོན་དག་ཐག་གཅོད་དུ་འཇུག་པ་དང་།སྐབས་རབ་དང་རིམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་དུ།གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་ཟིན་པའི་བསྡུར་ཚད་མི་རིགས་དེའི་མི་གྲངས་ཀྱི་བསྡུར་ཚད་ལས་བརྒལ་ཡོད།བཞི།ཕན་ནུས་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་རོགས་བྱས་ཏེ།མི་རིགས་སོ་སོ་བཅའ་ཁྲིམས་དང་ཆབ་སྲིད་ཀྱི་ཐད་ནས་ཡོངས་སུ་འདྲ་མཉམ་དུ་བཏང་ཡོད་པའི་རྨང་གཞིའི་སྟེང་།དཔལ་འབྱོར་དང་རིག་གནས་ཀྱི་ཕྱོགས་སོ་སོ་ནས་རིམ་བཞིན་ཡོངས་སུ་འདྲ་མཉམ་ཡོང་བར་བྱེད་པ།ལྔ།ཐབས་སྣ་ཚོགས་སྤྱད་དེ་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས།མི་རིགས་བཅའ་ཁྲིམས་ཁྲིམས་སྲོལ་བཅས་དང་།མི་རིགས་ཀྱི་གཞི་རྩའི་ཤེས་བྱ་སློབ་གསོ་གཙིགས་སུ་བཟུང་སྟེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱ་འགུལ་སྤེལ་ཏེ།རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གོང་དུ་སྤེལ་བ།ད་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་ཐེངས་བཞི་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ།རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ཚོགས་པ་དང་མི་སྒེར་སྐོར་ཞིག་ལ་གཟེངས་བསྟོད་བྱས།དེ་ནི་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

        2. མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས།

        མི་རིགས་ས་ཁོངས་རང་སྐྱོང་ནི་ང་ཚོའི་ཏང་གིས་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་ཡིན་པ་དང་།རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས།ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་ཀྱི་ཆབ་སྲིད་གྲོས་མོལ་ལམ་ལུགས་བཅས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཆེན་པོ་གསུམ་ཡིན།མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་མགོ་ཁྲིད་འོགགྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་པའི་ས་གནས་ལ་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཏེ།རང་སྐྱོང་ལས་ཁུངས་བཙུགས་ནས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པར་ཟེར།མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དེས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོས་མི་རིགས་རང་གི་ནང་ཁུལ་གྱི་དོན་དག་ཐག་གཅོད་པའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་གང་ལེགས་བྱེད་པ་མཚོན་ལ།རྒྱལ་ཁབ་ཀྱིས་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ།ཐུན་མོང་དར་རྒྱས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་མཚོན།མི་རིགས་ས་ཁོངས་རང་སྐྱོང་གི་རྩ་དོན་ལྟར་ན།མི་རིགས་ཤིག་གིས་རང་མི་རིགས་འདུས་སྡོད་བྱེད་ས་ནས་རང་རྐྱ་འཕེར་བའི་སྒོ་ནས་རང་སྐྱོང་ས་གནས་ཤིག་བཙུགས་ཆོག་པ་དང།མི་རིགས་དེའི་ཁྱབ་ཚུལ་གཞིར་བཟུང་ནས་རྒྱལ་ཡོངས་ཀྱི་ས་གནས་གཞན་པ་ནས་མི་རིགས་རང་སྐྱོང་ས་གནས་མང་པོ་བཙུགས་ཆོགམི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་གཙོ་བོ་ནི།གཅིགམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ངོ་བོ་གཉིས་ཡོད་དེ།རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་ལག་བསྟར་བྱེད་ལ།དེ་དང་མཉམ་དུ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།ད་དུང་བཅའ་ཁྲིམས་གཞན་དག་བཅས་ཀྱིས་ཐག་བཅད་པའི་འགན་ཆ་ལྟར་རང་སྐྱོང་དབང་ཆ་ལག་བསྟར་བྱས་ཏེ།རང་ས་གནས་ཀྱི་གནས་ཚུལ་དངོས་གཞིར་བཟུང་སྟེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་བསྟར་བྱེད་པ་ཡིན།གཉིས།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོའི་འགན་ནི་ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་འཁུར་བ་ཡིན་ལ།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ཁུལ་གྱི་ཁུལ་དཔོན།རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་སྤྱི་དམངས་ཀྱིས་འཁུར་བ་ཡིན།གསུམ།མི་རིགས་རང་སྐྱོང་ས་གནས་ལ་ཁྲིམས་འཛུགས་ཀྱི་དབང་ཆ་དང་བབ་བསྟུན་བསྒྱུར་བཅོས་ཀྱི་དབང་ཆ་ཡོད།རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་དེའི་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར།རིག་གནས་བཅས་ཀྱི་ཁྱད་ཆོས་ལ་དམིགས་ཏེ།རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གཏན་ལ་འབེབ་པའི་དབང་ཆ་ཡོད།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་ཆོད་དོན།བཀའ་ཁྱབ།མཛུབ་སྟོན་བཅས་གལ་ཏེ་མི་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་མ་མཐུན་ཚེ།རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ཆོག་མཆན་འགོད་དུ་བཅུག་སྟེ།དེ་བབ་བསྟུན་བསྒྱུར་བཅོས་ཀྱིས་ལག་བསྟར་བྱེད་པའམ་ཡང་ན་ལག་བསྟར་བྱེད་མཚམས་བཞག་ཆོགབཞི།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་སྐད་དང་ཡི་གེ་བེད་སྤྱོད་བྱེད་པའི་ཐད་ལ་ཆེད་དུ་གཏན་ཁེལ་ཡོད།རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་ནུས་ལག་བསྟར་བྱེད་སྐབས།མི་རིགས་རང་སྐྱོང་ས་གནས་རང་གི་རང་སྐྱོང་སྲོལ་ཡིག་གི་གཏན་ཁེལ་ལྟར།ས་དེས་གཅིག་གྱུར་གྱིས་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་ཡང་ན་མང་པོ་བཀོལ་ཆོག་ལ།གཅིག་གྱུར་གྱིས་བེད་སྤྱོད་བྱེད་པའི་སྐད་དང་ཡི་གེ་མང་པོ་བཀོལ་ནས་འགན་ནུས་ལག་བསྟར་བྱེད་སྐབས།ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོར་འཇོག་དགོས།རང་རྒྱལ་དུ་མི་རིགས་སོ་སོས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་གོང་འཕེལ་དུ་གཏོང་བའི་རང་དབང་དང་དབང་ཆ་ཡོད་ལ།ཁྲིམས་འཛིན་དང་།སྲིད་འཛིན།སློབ་གསོ་སོགས་ཁྱབ་ཁོངས་དང་།རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་གང་ཡིན་རུང་།གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་རྒྱ་ཆེན་པོ་བྱེད་བཞིན་ཡོད།ལྔ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ས་གནས་རང་གི་དཔལ་འབྱོར་དང་རིག་གནས་སོགས་ལས་དོན་རང་བདག་གིས་གོང་དུ་སྤེལ་བའི་དབང་ཆ་ཡོད།

        ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་མགོ་ཁྲིད་འོག་གི་རང་སྐྱོང་ཡིན་པ་དང་།མི་རིགས་རང་སྐྱོང་ས་གནས་ཡོད་ཚད་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཡིན་ལ།མི་རིགས་རང་སྐྱོང་ས་གནས་སོ་སོའི་རང་སྐྱོང་ལས་ཁུངས་ཚང་མ་ཀྲུང་དབྱང་སྲིད་གཞུང་གི་མགོ་ཁྲིད་འོག་གི་ས་གནས་ཀྱི་སྲིད་དབང་ཞིག་ཡིན་པས།ཚང་མས་ངེས་པར་དུ་ཀྲུང་དབྱང་གི་གཅིག་བསྡུས་དང་གཅིག་གྱུར་གྱི་མགོ་ཁྲིད་ལ་ཉན་དགོས།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་སྲིད་ཇུས་དང་འཆར་གཞི་སྣ་ཚོགས་གཏན་འབེབ་བྱེད་སྐབས་དང་།རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྐྲུན་བྱེད་སྐབས།ངེས་པར་དུ་མི་རིགས་རང་སྐྱོང་ས་གནས་སོ་སོའི་བྱེ་བྲག་གི་གནས་ཚུལ་དང་དགོས་མཁོར་བསམ་བློ་གང་ལེགས་བཏང་སྟེ།ཕྱོགས་སོ་སོས་རོགས་རམ་དང་རྒྱབ་སྐྱོར་བྱེད་པར་སྐུལ་སློང་བྱེད་དགོས།ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ཡང་ན་ས་གནས་རང་སྐྱོང་ཁོ་ན་ཙམ་མིན་པར།མི་རིགས་ཀྱི་རྒྱུ་རྐྱེན་དང་ས་གནས་ཀྱི་རྒྱུ་རྐྱེན་མཉམ་དུ་འདྲེས་པ་ཞིག་དང་།ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་རྒྱུ་རྐྱེན་མཉམ་དུ་འདྲེས་པ་ཞིག་ཡིན།ལོ་ངོ་དྲུག་ཅུའི་རིང་གི་ལག་ལེན་ལས།ཀྲུང་གོས་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དེ་རྒྱལ་ཁབ་ཀྱི་གཅིག་བསྡུས་གཅིག་གྱུར་དང་མི་རིགས་ཀྱི་རང་བདག་འདྲ་མཉམ་གཉིས་ཟུང་དུ་སྦྲེལ་བར་ཕན་པ་དང་།ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་བྱེད་ཕྱོགས་སྲིད་ཇུས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཞིབ་ཕྲའི་གནས་ཚུལ་གཉིས་ཟུང་དུ་སྦྲེལ་བར་ཕན་ལ།རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་གཉིས་ཟུང་དུ་སྦྲེལ་བར་ཕན་པ་ར་སྤྲོད་བྱུང་ཡོད།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དང་མཐུན་ལ་དེར་ཁྱད་འཕགས་ཀྱི་རང་བཞིན་ཆེན་པོ་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཉིས་སྟོང་ལྔ་ལོའི་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་།མི་རིགས་ས་ཁོངས་རང་སྐྱོང་ནི་ཏང་གིས་རང་རྒྱལ་གྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་གཞི་རྩའི་ཉམས་མྱོང་ཞིག་ཡིན་པར་སོམ་ཉི་གཏན་ནས་འཛིན་མི་རུང་ལ།རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པར་གཡོ་འགུལ་གཏན་ནས་ཡོད་མི་རུང་ལ།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ཁྱད་སྟོབས་ཆེན་པོ་ཞིག་ཡིན་པས་ཉམས་དམས་སུ་གཏན་ནས་གཏོང་མི་རུང་ཞེས་གསུངས་ཡོད།གནས་བབ་གསར་བའི་འོགམི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཐུས་ཚང་དུ་གཏོང་ན།ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།བཅའ་ཁྲིམས་འདི་དང་འཚམ་པའི་སྡེ་ཁག་གི་སྒྲིག་སྲོལ་དང་ས་གནས་ཀྱི་ཁྲིམས་སྲོལ་ཆ་ཚང་གཏན་འབེབ་བྱས་ཏེ།ཁྲིམས་ལྟར་མི་རིགས་རང་སྐྱོང་ས་གནས་ཀྱིས་རང་སྐྱོང་དབང་ཆ་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས་པ་མ་ཟད།རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་གནང་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ།མི་རིགས་སོ་སོའི་ཐུན་མོང་གི་དར་རྒྱས་ལ་ཡར་སྐུལ་བྱེད་དགོས།

        ད་ལྟ་ཀྲུང་གོར་མི་རིགས་རང་སྐྱོང་ས་གནས 155 ཡོད་པ་དང་།དེའི་ནང་རང་སྐྱོང་ལྗོངས 5 དང་།རང་སྐྱོང་ཁུལ 30 །རང་སྐྱོང་རྫོང 120 བཅས་ཡོད།རང་ཞིང་ལ་རང་སྐྱོང་ཁུལ 6 དང་རང་སྐྱོང་རྫོང 7 །མི་རིགས་ཞང 34 བཅས་ཡོད་ལ།མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི98ཟིན་ཡོད།
        ཁག་གསུམ་པ།རང་རྒྱལ་གྱི་ཆོས་ལུགས་ཀྱི་གནས་ཚུལ་སྤྱིར་བཤད་པ།

        ཆོས་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་གདོད་མའི་སྤྱི་ཚོགས་རིག་གནས་སྣང་ཚུལ་ཞིག་ཡིན།ཆོས་ལུགས་བྱུང་རྗེས་ལོ་ངོ་ཁྲི་ཕྲག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་།ད་ལྟའང་ད་དུང་དར་རྒྱས་བྱུང་ནས་ཉམས་རྒུད་དུ་འགྲོ་བཞིན་མེད་ལ།འཛམ་གླིང་ཡོངས་ཀྱི་མི་མང་ཆེ་ཤོས་ཀྱི་བསམ་བློའི་འཚོ་བར་མུ་མཐུད་དུ་ཤན་ཤུགས་བྱེད་བཞིན་ཡོད་པ་དང་།སྤྱི་ཚོགས་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད།རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད།ཆོས་ལུགས་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན།རང་རྒྱལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ན་རང་རྒྱལ་གྱི་ཆོས་ལུགས་ལ་རྒྱུས་ལོན་བྱེད་དགོས་ལ།རང་རྒྱལ་གྱི་ཆོས་ལུགས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།ཆོས་ལུགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་ཁྲོད་ནུས་པ་བཟང་པོ་འདོན་དགོས་ན།ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་དགོས།

        ཆོས་ལུགས་ཞེས་པའི་མིང་གི་དོན་ནི་མི་དང་ལྷའི་འབྲེལ་བ་དང་ཡང་ན་ལྷ་ལ་དད་པ་བྱེད་པར་གོ་དགོས།སྤྱིར་བཤད་ན་ཆོས་ལུགས་ནི་མི་རྣམས་ཀྱིས་ལྷ་སོགས་རང་བྱུང་ཁམས་ལས་བརྒལ་བའི་སྟོབས་ཤུགས་ལ་དད་མོས་བྱེད་པ་སྟེ།དངོས་ཡོད་ཀྱི་དངོས་པོའི་འཇིག་རྟེན་གྱི་ཕ་རོལ་ན་ད་དུང་རང་བྱུང་ཁམས་ལས་བརྒལ་ཞིང་མི་ཡུལ་ལས་འདས་པའི་ལྐོག་གྱུར་གྱི་སྟོབས་ཤུགས་དང་ཞིང་ཁམས་ཡོད་པར་ཡིད་ཆེས་བྱེད་པ་དང་།ལྐོག་གྱུར་གྱི་སྟོབས་ཤུགས་དེས་རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་དབང་སྒྱུར་བྱེད་པར་ཡིད་ཆེས་བྱེད་པ་མ་ཟད།ལྷ་ལ་བཅངས་པའི་དད་མོས་དང་འཇིགས་སྣང་།གུས་བཀུར་སོགས་དང་འབྲེལ་བའི་བྱ་སྤྱོད་རབ་དང་རིམ་པར་གོ་དགོས།རང་རྒྱལ་ལ་གནའ་བོའི་དུས་སུ་གནམ་ས་རི་ཆུ་ལ་དད་པ་བྱེད་པ་དང་།མེས་པོ་ལ་དད་མོས་བྱེད་པའི་ཆོས་ལུགས་ཡོད།དེའི་རྗེས་སུ་ཕྱི་རྒྱལ་གྱི་ཆོས་ལུགས་ཁ་ཤས་ཀྱང་རིམ་བཞིན་རང་རྒྱལ་ལ་དར་བ་རེད།ད་ལྟ་རང་རྒྱལ་གྱི་ཆོས་ལུགས་ལ་གཙོ་བོ་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས།དབྱི་སི་ལན་ཆོས་ལུགས།གནམ་བདག་ཆོས་ལུགས།ཡེ་ཤུའི་ཆོས་ལུགས་སོགས་ཡོད།དེས་མི་ཚད་ད་དུང་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་དང་དམངས་ཁྲོད་ཆོས་ལུགས།གྲངས་ཉུང་མི་རིགས་ཁ་ཤས་ཀྱི་སྲོལ་རྒྱུན་ཆོས་ལུགས་དད་མོས་སོགས་ཡོད།

        1.རང་རྒྱལ་གྱི་ཆོས་ལུགས་གཙོ་བོ་མཚམས་སྦྱོར།

        སངས་རྒྱས་ཆོས་ལུགས།སངས་རྒྱས་ཆོས་ལུགས་ཀྱི་མིང་ནི་ཆོས་ལུགས་དེའི་ཤིང་རྟའི་སྲོལ་འབྱེད་མཁན་གྱི་མིང་ལ་བརྟེན་ནས་བྱུང་བ་དང་།སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་དགོངས་པ་ལ་ཟེར།སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་དང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་བར་དུ་གནའ་བོའི་རྒྱ་གར་ནས་བྱུང་བ་དང་།སངས་རྒྱས་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་ཤཱཀྱ་ཐུབ་པ་ནི་སྤྱི་ལོའི་སྔོན་གྱི565ལོར་འཁྲུངས་པ་དང་།སྤྱི་ལོའི་སྔོན་གྱི486ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།ཁོང་ནི་ད་ལྟའི་བལ་པོའི་མངའ་ཁོངས་ཀྱི་ཅ་པིས་ལོ་བེ་ས་ཆ་ནས་འཁྲུངས་པ་དང་ཤཱཀྱ་རིགས་ཀྱི་རྒྱལ་སྲས་ཡིན།ཤཱཀྱ་མུ་ནེ་ནི་སངས་རྒྱས་ཆོས་ལུགས་པས་ཁོང་ལ་བཏགས་པའི་ཞེ་སའི་མཚན་ཡིན་ལ།དེ་ནི་ཤཱཀྱ་རིགས་ཀྱི་འཕགས་པ་ཞེས་པའི་དོན་ཡིན།ཁོང་དགུང་ལོ་ཆུང་དུས་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་དང་ཟིང་འཁྲུག་གིས་མི་རྣམས་སྡུག་བསྔལ་ལ་སྦྱར་བ་རིག་སྟེ།འཇིག་རྟེན་མི་རྟག་པར་མཐོང་བས།མི་རྣམས་སྡུག་བསྔལ་ལས་སྒྲོལ་བའི་གནས་ལུགས་ལ་བསམ་གཞིགས་ཞིབ་མོ་བཏང་།ཁོང་དགུང་ལོ་ཉེར་དགུའི་སྐབས་སུ་རབ་ཏུ་བྱུང་བ་དང་།ལོ་ངོ་དྲུག་ལ་དཀའ་བ་སྤྱད་དེ་མངོན་པར་རྫོགས་པར་སངས་རྒྱས་པས་སངས་རྒྱས་ཞེས་འབོད།དེའི་རྗེས་སུ་ཁོང་གིས་རྒྱ་གར་གྱི་ཆུ་བོ་གང་གཱའི་དབུས་རྒྱུད་ནས་སོ་སོ་སྐྱེ་བོ་རྣམས་ལ་རང་གི་དགོངས་པ་བསྒྲགས་ཏེ་ལོ་ཞེ་ལྔ་འགོར་བས།རིམ་བཞིན་དངོས་སློབ་མང་པོ་བྱུང་བ་དང་ཆོས་ལུགས་ཀྱི་ཚོགས་པ་བཙུགས་ཏེ།སངས་རྒྱས་ཆོས་ལུགས་བྱུང་བ་རེད།ཤཱཀྱ་མུ་ནེ་དགོང་ལོ་བརྒྱད་ཅུའི་སྐབས་སུ་སྐུ་མྱ་ངན་ལས་འདས་པ་དང་།ཁོང་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་ཐུགས་སྲས་དག་གིས་རིམ་བཞིན་སངས་རྒྱས་ཆོས་ལུགས་ས་ཆ་དང་རྒྱལ་ཁབ་གཞན་པར་སྤེལ་བས།ཕྱིས་སུ་སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་གྱུར།སྤྱི་ལོ་དར་བའི་ལོ་ཡི་སྔ་གཞུག་ཏུ།སངས་རྒྱས་ཆོས་ལུགས་རྒྱ་གར་ནས་ཀྲུང་གོར་དར་མགོ་བརྩམས།ཆོས་ལུགས་དར་སྤེལ་གྱི་དུས་ཚོད་དང་ཐབས་ལམ།ས་ཁུལ་བཅས་མི་འདྲ་བ་དང་།མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བར་བརྟེན་ནས།ཀྲུང་གོའི་སངས་རྒྱས་ཆོས་ལུགས་དེ་ཁག་ཆེན་པོ་གསུམ་དུ་གྱུར་པ་སྟེ།རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན།ཡུན་ནན་ས་ཁུལ་གྱི་ལྷོ་བརྒྱུད་ནང་བསྟན་བཅས་རེད།གཤམ་ནས་གཙོ་བོ་བོད་བརྒྱུད་ནང་བསྟན་མཚམས་སྦྱོར་ཞིག་བྱེད།

        བོད་བརྒྱུད་ནང་བསྟན་ལ་བོད་སྐད་ནང་བསྟན་དང་བོད་ཀྱི་ནང་བསྟན་ཞེས་འབོད་ལ།ཡོངས་ཁྱབ་ཏུ་བླ་མའི་ཆོས་ལུགས་ཞེས་འབོད།སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་བདུན་པར་ཐུ་བྷོད་རྒྱལ་རབས་དར་བའི་སྐབས་སུ་བོད་ལ་དར་མགོ་བརྩམས།དུས་རབས་བདུན་པའི་མགོར་སྲུང་བཙན་སྒམ་པོས་ཐུ་བྷོད་རྒྱལ་རབས་ལ་དབང་སྒྱུར་སྐབས།ཐུ་བྷོད་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེ་བའི་ཐོན་སྐྱེད་མཁོ་བ་དང་མཉམ་དུ།བསམ་བློའི་ཁྱབ་ཁོངས་སུ་ཡང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཆོས་ལུགས་གསར་བ་མཁོ།སྐབས་དེར་སངས་རྒྱས་ཆོས་ལུགས་ཕལ་ཆེར་ཨེ་ཤ་ཡ་ཡོངས་སུ་ཁྱབ་ཡོད་པ་དང་།བོད་ནི་རྒྱ་གར་དང་ཐང་རྒྱལ་རབས་གཉིས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་གཉིས་ཀྱི་དཀྱིལ་དུ་གནས་ཡོད་པས།རང་ཤུགས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཏེ་སངས་རྒྱས་ཆོས་ལུགས་དང་ལེན་བྱས་པ་དང་།གནས་ཚུལ་དེ་འདྲའི་འོག་ཏུ་སངས་རྒྱས་ཆོས་ལུགས་རང་རྒྱལ་གྱི་ནང་ལོགས་དང་རྒྱ་གར་ནས་བོད་ལ་དར་བ་རེད།བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྟེང་བཀོད་པ་ལྟར་ན།བོད་ཀྱི་བཙན་པོ་སྲུང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པས།སྔ་གཞུག་ཏུ་བལ་པོའི་བལ་བཟའ་ཀོང་ཇོ་དང་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས་པ་མ་ཟད།ལྷ་ལྡན་གཙུག་ལག་ཁང་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཏེ་ཀོང་ཇོ་གཉིས་ཀྱིས་འཁྱེར་བའི་ཤཱཀྱ་མུ་ནེའི་སྐུ་རྟེན་གཙུགས་ལག་ཁང་དུ་བཞག་པ་དང་།ཆོས་ཀྱི་གཞུང་མང་པོ་ལོ་ཙཱ་བྱས་ཏེ་སངས་རྒྱས་བསྟན་པ་སྤེལ།སྲོང་བཙན་སྒམ་པོའི་རྗེས་སུ་སངས་རྒྱས་ཆོས་ལུགས་ནི་ཐུ་བྷོད་ཀྱི་ཞིང་བྲན་བདག་པོ་དང་སྐུ་དྲག་ཚོའི་ཁེ་དབང་གི་རྩོད་པའི་ཁྲོད་དུ་བར་ཆད་ལ་འཕྲད་ནའང་།དུས་རབས་བཅུ་བའི་དུས་མཇུག་ཏུ་སླེབས་སྐབས་བསྟན་པའི་མེ་རོ་ཡང་བསྐྱར་དར།སངས་རྒྱས་ཆོས་ལུགས་དང་བོད་ཀྱི་གདོད་མའི་བོན་ཆོས་བར་ཡུན་རིང་པོར་འགལ་བ་དང་མཉམ་འདྲེས་བྱུང་སྟེ།སངས་རྒྱས་ཆོས་ལུགས་ཀྱིས་བོན་ཆོས་ཀྱི་ནང་དོན་མང་པོ་བསྡུ་ལེན་བྱས་པ་མ་ཟད།བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་ལ་དམ་དུ་འབྲེལ་བས།དེར་བོད་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ཡོད།དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ།བོད་ཀྱི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལ་གོང་འཕེལ་བྱུང་བ་དང་།ས་གནས་སོ་སོའི་བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་དག་གིས་རྒྱ་ཆེའི་ཞིང་བྲན་རྣམས་ལ་གཉའ་གནོན་བཤུ་གཞོག་བྱས་པས།ཁོ་ཚོའི་དཔལ་འབྱོར་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་།དབང་སྒྱུར་གྱི་གོ་གནས་སྲ་བརྟན་དུ་སོང་བ་ན།ཕན་ཚུན་བར་དུ་དབང་ཆ་རྩོད་རེས་བྱས།བཀས་བཀོད་རྒྱུད་འཛིན་གྱི་ཚོགས་པ་མི་འདྲ་བར་བརྟེན་པའི་དགོན་སྡེའི་གྲྭ་བཙུན་གྱིས་ཀྱང་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་བཙུགས་ཏེ་དར་སྤེལ་བཏང་ནས་གྲུབ་མཐའ་མི་འདྲ་བ་ཆགས།དུས་རབས་བཅུ་གཅིག་པའི་རྗེས་སུ།སྔ་གཞུག་ཏུ་གྲུབ་མཐའ་དང་དེའི་མ་ལག་སུམ་ཅུ་ཙམ་བྱུང་ལ།དེའི་ནང་གི་གཙོ་བོ་ནི་རྙིང་མ་པ་དང་ས་སྐྱ་པ།བཀའ་རྒྱུད་པ།བཀའ་གདམས་པ།དགེ་ལུགས་པ་བཅས་རེད།

        ཏའོ་ཅའོ་ཆོས་ལུགས།ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་ལ་ཆེད་དུ་ཡོད་པའི་ཆོས་ལུགས་ཡིན་པ་དང་།དེ་སྤྱི་ལོའི་དུས་རབས་དང་པོར་ཧན་རྒྱལ་རབས་ཤར་མའི་དུས་མགོར་བྱུང་ཞིང་།ད་བར་དུ་ལོ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད།ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་གྱི་གདོད་མའི་ཆོས་ལུགས་དད་མོས་ཀྱི་རྨང་གཞིའི་སྟེང་།སྨན་རྩིས་མོ་དཔྱད་སོགས་ཆོས་ལུགས་ཀྱི་བསམ་བློ་དང་ཉམས་ལེན་བྱེད་ཐབས་ཁ་ཤས་བསྡུ་ལེན་བྱས་ཏེ་རིམ་བཞིན་ཆགས་པ་རེད།ཏའོ་ཅའོ་ཆོས་ལུགས་ཀྱིས་ལའོ་ཙི་ནི་བསྟན་པའི་བདག་པོར་བརྩི་ཞིང་།ལའོ་ཙི་ཡི་གསུང་རྩོམ་སྤྱོད་ལམ་གསུང་རབ་ཅེས་པ་དེ་གསུང་རབ་གཙོ་བོར་བརྩི་བ་མ་ཟད།དེར་ཆོས་ལུགས་རང་བཞིན་གྱི་འགྲེམ་བཤད་བྱས་ཡོད།དེས་ལམ་ཞེས་པ་ནི་བླ་ན་མེད་པའི་དད་མོས་སུ་བརྩི་བ་དང་།ལམ་ནི་དངོས་པོའི་འཇིག་རྟེན་དང་བསམ་པའི་འཇིག་རྟེན་གྱི་འབྱུང་གཞི་ཡིན་པ་དང་།དེའི་ནང་དུ་ཡོད་ཚད་འདུ་ལ།དེ་ནི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་འདོད།ལམ་དང་མཉམ་དུ་སྤྱོད་ལའང་འགྲེལ་བཤད་བྱས་ཡོད་དེ།སྤྱོད་ནི་ཆོས་ཐམས་ཅད་ཀྱི་འཚོ་གནས་ཀྱི་ཚོར་བ་སྐྱེན་པོ་ལ་གོ་བ་དང་།སྤྱི་ཚོགས་ཀྱི་ཀུན་སྤྱོད་ལའང་གོ།ལམ་དང་སྤྱོད་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་།གནམ་དང་ས།མི་ཚང་མ་སྤྱོད་ལམ་གྱི་འབྲེལ་བ་དང་འབྲལ་ཐབས་མེད་པར་འདོད།ཏའོ་ཅའོ་ཆོས་ལུགས་དེ་ཡུན་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ནས་གྲུབ་མཐའ་མི་འདྲ་བར་གྱེས་པ་དང་།གཙོ་བོ་ནི་ཆོན་ཀྲིན་ཏའོ་དང་ཀྲིན་དབྱི་ཏའོ་གཉིས་ཡིན།ཆོན་ཀྲིན་ཏའོ་ཡིས་བང་ཁྲུང་དབྱང་ཤིང་རྟའི་སྲོལ་འབྱེད་མཁན་དུ་བརྩི་ལ།གཙོ་བོ་སྒྲུབ་སྦྱོང་བྱེད་པ་དང་བཙུན་པའི་སྲོལ་འཛིན།ཀྲིན་དབྱི་ཏའོ་ཡིས་ཀྲང་ཏའོ་ལིན་ཤིང་རྟའི་སྲོལ་འབྱེད་མཁན་དུ་བརྩི་ལ།གཙོ་བོ་ཆང་གིས་ལྷ་ལ་མཆོད་པ་དང་ཤོག་བུའི་སྟེང་རི་མོ་བྲིས་ཏེ་བགེག་བཟློག་ལུས་སྲུང་བྱེད་པའི་ལས་ལ་འཇུགགྲུབ་མཐའ་དེ་གཉིས་ཀྱི་སྡོམ་ཁྲིམས་མི་འདྲ་ནའང་།ཆོས་ཀྱི་དགོངས་དོན་ཐད་ནས་འགལ་བ་ཆེན་པོ་མེད།ཏའོ་ཅའོ་ཆོས་ལུགས་ཀྱིས་ལྷ་ལ་མཆོད་ས་དང་།ལྷ་སྐུ་བཞེངས་ས།ཆོས་ཀྱི་ཆོ་ག་སྤེལ་ས་བཅས་ལ་ཏའོ་ཅའོ་ཕོ་བྲང་དང་ཏའོ་ཅའོ་ལྷ་ཁང་།ཏའོ་ཅའོ་དགོན་པ།ཏའོ་ཅའོ་གླིང་།ཏའོ་ཅའོ་བྲག་ཕུག་ཅེས་འབོད་ལ།སྤྱིར་བཏང་དུ་དེ་དག་ལ་ཏའོ་ཅའོ་ལྷ་ཁང་ཞེས་འབོད།

        དབྱི་སི་ལན་ཆོས་ལུགས།དབྱི་སི་ལན་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་དང་མཉམ་དུ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་སུ་བཞག་ཡོད་ལ།དུས་རབས་བདུན་པར་ཨ་རབ་ཕྱེད་གླིང་ནས་བྱུང་བ་རེད།སྔོན་ཆད་རང་རྒྱལ་གྱིས་དེ་ལ་ཧོས་ཅའོ་ཆོས་ལུགས་དང་ཆིན་ཀྲིན་ཆོས་ལུགས།ཡང་ན་ཐེན་ཧྥང་ཆོས་ལུགས་ཞེས་འབོད།དབྱི་སི་ལན་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ནི་བསྟུན་པ་དང་དང་དུ་ལེན་པའི་དོན་ཡིན་ཏེ།ཨན་ལ་ཡི་དགོངས་པར་བསྟུན་པ་དང་དང་དུ་ལེན་ཞེས་པར་གོ།དབྱི་སི་ལན་ཆོས་ལུགས་ཀྱི་བཤད་ཚུལ་ལྟར་ན།དབྱི་སི་ལན་ཆོས་ལུགས་ནི་སྟོན་པ་མུའུ་ཧན་མོ་ཏི་ཡིས་ཨན་ལ་ཡི་ལུང་བསྟན་དང་དུ་བླངས་ནས་བྱུང་བ་དང་དར་བ་རེད་ཟེར།དབྱི་སི་ལན་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ་ནི་ཁུ་རན་གསུང་རབ་ཡིན།གསུང་རབ་དེ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་དད་མོས་དང་ཁྲིམས་འཛུགས།ཀུན་སྤྱོད་ཚད་གཞི།བསམ་བློའི་རིག་གཞུང་བཅས་ཀྱི་རྨང་གཞི་ཡིན།མུའུ་ཧན་མོ་ཏི་སྐུ་གཤེགས་རྗེས།ཆབ་སྲིད་དང་ཆོས་ལུགས།སྤྱི་ཚོགས་ཀྱི་འདོད་བློ་བཅས་ཀྱི་ཐད་ནས་འགལ་བ་བྱུང་བས།ཆོས་ལུགས་ནང་ཁུལ་དུ་ཡང་འགལ་བ་བྱུང་ནས་གྲུབ་མཐའ་མི་འདྲ་བ་འགའ་རུ་གྱེས་ལ།གཙོ་བོ་ཞུང་ཉི་དང་ཧྲི་ཡེ་ཞེས་པའི་གྲུབ་མཐའ་ཆེན་པོ་གཉིས་སུ་གྱེས།སྤྱི་ལོའི་དུས་རབས་བདུན་པའི་མགོར།ཨ་རབ་ཀྱི་མུའུ་སི་ལིན་མཚོ་ཐོག་དང་སྐམ་ལམ་གཉིས་ནས་ཀྲུང་གོར་ཉོ་ཚོང་དང་ཡང་ན་གནས་སྐོར་བྱེད་དུ་ཡོང་བར་མ་ཟད།དབྱི་སི་ལན་ཆོས་ལུགས་དར་སྤེལ་བྱེད་དུ་ཡོང་།ཡོན་རྒྱལ་རབས་ཀྱི་སྐབས་སུ་དབྱི་སི་ལན་ཆོས་ལུགས་རང་རྒྱལ་ནས་དར་ཁྱབ་སྔར་ལས་ཆེན་པོ་བྱུང་།དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ་མེན་རྒྱལ་རབས་ཀྱི་མཇུག་ཏུ།དབྱི་སི་ལན་ཆོས་ལུགས་དེ་ཀྲུང་གོའི་སྲོལ་རྒྱུན་གྱི་རུའུ་ལུགས་པའི་བསམ་བློ་དང་འདྲེས་པས།ཆོས་ཁང་གི་སློབ་གསོ་གོང་འཕེལ་ངེས་ཅན་བྱུང་བ་དང་།མུའུ་སི་ལིན་ཆོས་ཁང་ལས་པ་སོགས་ཀྱི་ཐད་ནས་ཀྱང་རྒྱ་རིགས་ཀྱི་དགོན་པའི་འཛུགས་སྐྲུན་བྱེད་སྲོལ་བསྡུ་ལེན་བྱས་ཡོད།ཀྲུང་གོ་ན་ད་ལྟ་ཡུ་གུར་རིགས་དང་ཧོས་རིགས།ཧ་སག་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ཐམ་པས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད།

        གནམ་བདག་ཆོས་ལུགས།གནམ་བདག་ཆོས་ལུགས་ནི་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་དང་ཡེ་ཤུའི་ཆོས་ལུགས་གསར་བ་གཉིས་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་གསུམ་ནང་གི་གཅིག་ཡིན་ལ།སྤྱི་ཆོས་ཞེས་ཀྱང་འབོད།དེའི་དོན་ནི་འཛམ་གླིང་ཡོངས་དང་ཡོངས་ཁྱབ་ཀྱི་ཆོས་ལུགས་ཞེས་པར་གོ།དེ་དར་ས་གཙོ་བོ་ནི་རཱོ་མ་ཡིན་པས་རཱོ་མའི་སྤྱི་ཆོས་ཞེས་ཀྱང་འབོད།ཡེ་ཤུ་ཆོས་ལུགས་ནི་སྤྱི་ལོ་དུས་རབས་དང་པོར་ཨེ་ཤ་ཡའི་ནུབ་ཕྱོགས་ཀྱི་ཕ་ལེ་སི་ཐན་ས་ཁུལ་ནས་བྱུང་བ་དང་།བཤད་ཚུལ་ལྟར་ན་ཡིའུ་ཐའེ་པ་ཡེ་ཤུ་ཡིས་གསར་དུ་བཏོད་པ་དང་།ཡིའུ་ཐའེ་ཆོས་ལུགས་ཀྱི་ཡན་ལག་ཅིག་གོང་དུ་འཕེལ་ནས་བྱུང་བ་རེད་ཟེར།ཡེ་ཤུ་ཆོས་ལུགས་བྱུང་མ་ཐག་པའི་དུས་མགོར་ཤར་ནུབ་ཀྱི་ཕྱོགས་ཁག་གཉིས་སུ་བཀར་བ་དང་།ཕྱོགས་ཁག་ཤར་མ་ནི་རཱོ་མ་བཙན་པོའི་རྒྱལ་ཁབ་ཤར་ཕྱོགས་ཀྱི་ཞི་ལ་ས་ཁུལ་དུ་ཁྱབ་པ་དང་།ཕྱོགས་ཁག་ནུབ་མ་ནི་རཱོ་མ་བཙན་པོའི་རྒྱལ་ཁབ་ནུབ་ཕྱོགས་ཀྱི་ལ་ཏེན་སྐད་སྨྲ་སར་ཁྱབ།སྤྱི་ལོ 395 ལོར་རཱོ་མ་བཙན་པོའི་རྒྱལ་ཁབ་དེ་རཱོ་མ་ཤར་མ་དང་རཱོ་མ་ནུབ་མ་སྟེ་རྒྱལ་ཁབ་གཉིས་སུ་གྱེས།རཱོ་མ་ཤར་མས་ཅུན་ཧྲི་ཐན་ཏེན་པའོ་རྒྱལ་སར་གཏན་ཁེལ་བྱས་པ་དང་།རཱོ་མ་ནུབ་མས་རཱོ་མ་རྒྱལ་སར་གཏན་ལ་ཕབ་པས།ཡེ་ཤུ་ཆོས་ལུགས་སྤེལ་སའི་གནས་གཙོ་བོ་ཤར་ནུབ་གཉིས་སུ་ཆགས།ཆོས་ཀྱི་དགོངས་པར་གོ་བ་ལེན་ཚུལ་མི་འདྲ་བ་དང་།ཆོས་ཀྱི་གུས་ལུགས་ཐད་ནས་འགལ་བ་བྱུང་བ།ཆོས་ཚོགས་ཀྱི་དབང་ཆ་བརྩད་པ་སོགས་ལ་བརྟེན་ནས།ཆོས་ལུགས་ཕྱོགས་ཁག་གཉིས་པོ1054ལོར་སོ་སོར་འཐོར་བ་དང་།ཕྱོགས་ཁག་ཤར་མས་རང་མིང་ལ་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་ཞེས་བཏགས་པ་དང་།ཕྱོགས་ཁག་ནུབ་མས་རང་མིང་ལ་སྤྱི་ཆོས་ཞེས་བཏགས།(ཀྲུང་གོས་དེར་གནམ་བདག་ཆོས་ལུགས་ཟེར།) 

        གནམ་བདག་ཆོས་ལུགས་ནི་རང་རྒྱལ་ལ་ཡོན་རྒྱལ་རབས་ཀྱི་སྐབས་སུ་དར་བ་དང་།རྗེས་སུ་དར་རྒུད་ཀྱི་བརྒྱུད་རིམ་འགའ་བརྒྱུད།1840ལོར་ཀྲུང་དབྱིན་ཉལ་ཐའི་དམག་འཁྲུག་བྱུང་རྗེས།གནམ་བདག་ཆོས་ལུགས་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་ལག་ཆར་གྱུར་ནས་གཞི་ཁྱོན་ཆེ་བའི་སྒོ་ནས་ཀྲུང་གོར་མཆེད་པ་དང་།རྒྱལ་ཁབ་ཕྱི་ནང་གི་དབང་སྒྱུར་བའི་རྒྱབ་སྐྱོར་འོག་འཕེལ་རྒྱས་ཆེན་པོ་བྱུང་།ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གནམ་བདག་ཆོས་ལུགས་ཀྱི་དད་ལྡན་པ་ས་ཡ3ལ་བུད།

        ཡེ་ཤུ་ཆོས་ལུགས།ཡེ་ཤུ་ཆོས་ལུགས་ནི་གནམ་བདག་ཆོས་ལུགས་དང་ཡེ་ཤུ་དངོས་རྒྱུད་ཆོས་ལུགས་ཤར་མ་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་གསུམ་ནང་གི་གཅིག་ཡིན་པ་དང་།དུས་རབས16པར་ཡོ་རོབ་གླིང་གི་ཆོས་ལུགས་བཅོས་སྒྱུར་ལས་འགུལ་ཁྲོད་གནམ་བདག་ཆོས་ལུགས་ལས་བྲལ་ཏེ་བྱུང་བའི་གྲུབ་མཐའ་གསར་བ་ཞིག་ཡིན་ལ།གྲུབ་མཐའ་དེ་དག་གི་ཁྲོད་ནས་བྱུང་བའི་ཕྱོགས་ཁག་མང་པོའི་སྤྱི་མིང་རེད།ཡེ་ཤུ་ཆོས་ལུགས་ནི་དུས་རབས19བའི་དུས་མགོར་ཀྲུང་གོར་དར་བ་དང་། 1840 ལོར་ཉལ་ཐའི་དམག་འཁྲུག་བྱུང་རྗེས།ནུབ་ཕྱོགས་ཀྱི་ཡེ་ཤུ་ཆོས་ལུགས་སྤེལ་མཁན་གྱིས་ཀྲུང་གོ་ནས་ཆོས་ལུགས་སྤེལ་བའི་མྱུར་ཚད་ཇེ་མགྱོགས་དང་གཞི་ཁྱོན་ཇེ་ཆེར་བཏང་།ཡེ་ཤུ་ཆོས་ལུགས་གཞི་ཁྱོན་ཆེན་པོས་ཀྲུང་གོར་མཆེད་པ་དང་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གཉིས་དུས་མཉམ་དུ་བྱུང་བ་དང་བསྟུན་ནས།ཆོས་སྤེལ་བའི་ལས་དོན་དེ་དྲག་ཤུགས་ལ་བརྟེན་པ་དང་།ཆོས་ཚོགས་ལ་དམིགས་བསལ་གྱི་དབང་ཆ་ཡོད་པས།ཀྲུང་གོ་བས་ངོ་རྒོལ་དྲག་པོ་བྱས་པ་དང་།ནུབ་ཕྱོགས་ཆོས་ཚོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྣང་མེད་དུ་བཞག་སྟེ་ཀྲུང་གོ་ནུབ་བསྒྱུར་བྱེད་འདོད་པ་དེ་ཡང་ཁས་ལེན་མ་བྱས།1949ལོར་ཀྲུང་གོ་གསར་བ་དབུ་བརྙེས་རྗེས།རྒྱལ་ཡོངས་སུ་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པ་འབུམ7ཙམ་ཡོད།

        ཁག་གསུམ་པ།རང་རྒྱལ་གྱི་ཆོས་ལུགས་ཀྱི་གནས་ཚུལ་སྤྱིར་བཤད་པ།

        ཆོས་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་གདོད་མའི་སྤྱི་ཚོགས་རིག་གནས་སྣང་ཚུལ་ཞིག་ཡིན།ཆོས་ལུགས་བྱུང་རྗེས་ལོ་ངོ་ཁྲི་ཕྲག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་།ད་ལྟའང་ད་དུང་དར་རྒྱས་བྱུང་ནས་ཉམས་རྒུད་དུ་འགྲོ་བཞིན་མེད་ལ།འཛམ་གླིང་ཡོངས་ཀྱི་མི་མང་ཆེ་ཤོས་ཀྱི་བསམ་བློའི་འཚོ་བར་མུ་མཐུད་དུ་ཤན་ཤུགས་བྱེད་བཞིན་ཡོད་པ་དང་།སྤྱི་ཚོགས་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད།རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད།ཆོས་ལུགས་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན།རང་རྒྱལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ན་རང་རྒྱལ་གྱི་ཆོས་ལུགས་ལ་རྒྱུས་ལོན་བྱེད་དགོས་ལ།རང་རྒྱལ་གྱི་ཆོས་ལུགས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།ཆོས་ལུགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་ཁྲོད་ནུས་པ་བཟང་པོ་འདོན་དགོས་ན།ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་དགོས།

        ཆོས་ལུགས་ཞེས་པའི་མིང་གི་དོན་ནི་མི་དང་ལྷའི་འབྲེལ་བ་དང་ཡང་ན་ལྷ་ལ་དད་པ་བྱེད་པར་གོ་དགོས།སྤྱིར་བཤད་ན་ཆོས་ལུགས་ནི་མི་རྣམས་ཀྱིས་ལྷ་སོགས་རང་བྱུང་ཁམས་ལས་བརྒལ་བའི་སྟོབས་ཤུགས་ལ་དད་མོས་བྱེད་པ་སྟེ།དངོས་ཡོད་ཀྱི་དངོས་པོའི་འཇིག་རྟེན་གྱི་ཕ་རོལ་ན་ད་དུང་རང་བྱུང་ཁམས་ལས་བརྒལ་ཞིང་མི་ཡུལ་ལས་འདས་པའི་ལྐོག་གྱུར་གྱི་སྟོབས་ཤུགས་དང་ཞིང་ཁམས་ཡོད་པར་ཡིད་ཆེས་བྱེད་པ་དང་།ལྐོག་གྱུར་གྱི་སྟོབས་ཤུགས་དེས་རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་དབང་སྒྱུར་བྱེད་པར་ཡིད་ཆེས་བྱེད་པ་མ་ཟད།ལྷ་ལ་བཅངས་པའི་དད་མོས་དང་འཇིགས་སྣང་།གུས་བཀུར་སོགས་དང་འབྲེལ་བའི་བྱ་སྤྱོད་རབ་དང་རིམ་པར་གོ་དགོས།རང་རྒྱལ་ལ་གནའ་བོའི་དུས་སུ་གནམ་ས་རི་ཆུ་ལ་དད་པ་བྱེད་པ་དང་།མེས་པོ་ལ་དད་མོས་བྱེད་པའི་ཆོས་ལུགས་ཡོད།དེའི་རྗེས་སུ་ཕྱི་རྒྱལ་གྱི་ཆོས་ལུགས་ཁ་ཤས་ཀྱང་རིམ་བཞིན་རང་རྒྱལ་ལ་དར་བ་རེད།ད་ལྟ་རང་རྒྱལ་གྱི་ཆོས་ལུགས་ལ་གཙོ་བོ་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས།དབྱི་སི་ལན་ཆོས་ལུགས།གནམ་བདག་ཆོས་ལུགས།ཡེ་ཤུའི་ཆོས་ལུགས་སོགས་ཡོད།དེས་མི་ཚད་ད་དུང་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་དང་དམངས་ཁྲོད་ཆོས་ལུགས།གྲངས་ཉུང་མི་རིགས་ཁ་ཤས་ཀྱི་སྲོལ་རྒྱུན་ཆོས་ལུགས་དད་མོས་སོགས་ཡོད།

        1.རང་རྒྱལ་གྱི་ཆོས་ལུགས་གཙོ་བོ་མཚམས་སྦྱོར།

        སངས་རྒྱས་ཆོས་ལུགས།སངས་རྒྱས་ཆོས་ལུགས་ཀྱི་མིང་ནི་ཆོས་ལུགས་དེའི་ཤིང་རྟའི་སྲོལ་འབྱེད་མཁན་གྱི་མིང་ལ་བརྟེན་ནས་བྱུང་བ་དང་།སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་དགོངས་པ་ལ་ཟེར།སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་དང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་བར་དུ་གནའ་བོའི་རྒྱ་གར་ནས་བྱུང་བ་དང་།སངས་རྒྱས་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་ཤཱཀྱ་ཐུབ་པ་ནི་སྤྱི་ལོའི་སྔོན་གྱི565ལོར་འཁྲུངས་པ་དང་།སྤྱི་ལོའི་སྔོན་གྱི486ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།ཁོང་ནི་ད་ལྟའི་བལ་པོའི་མངའ་ཁོངས་ཀྱི་ཅ་པིས་ལོ་བེ་ས་ཆ་ནས་འཁྲུངས་པ་དང་ཤཱཀྱ་རིགས་ཀྱི་རྒྱལ་སྲས་ཡིན།ཤཱཀྱ་མུ་ནེ་ནི་སངས་རྒྱས་ཆོས་ལུགས་པས་ཁོང་ལ་བཏགས་པའི་ཞེ་སའི་མཚན་ཡིན་ལ།དེ་ནི་ཤཱཀྱ་རིགས་ཀྱི་འཕགས་པ་ཞེས་པའི་དོན་ཡིན།ཁོང་དགུང་ལོ་ཆུང་དུས་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་དང་ཟིང་འཁྲུག་གིས་མི་རྣམས་སྡུག་བསྔལ་ལ་སྦྱར་བ་རིག་སྟེ།འཇིག་རྟེན་མི་རྟག་པར་མཐོང་བས།མི་རྣམས་སྡུག་བསྔལ་ལས་སྒྲོལ་བའི་གནས་ལུགས་ལ་བསམ་གཞིགས་ཞིབ་མོ་བཏང་།ཁོང་དགུང་ལོ་ཉེར་དགུའི་སྐབས་སུ་རབ་ཏུ་བྱུང་བ་དང་།ལོ་ངོ་དྲུག་ལ་དཀའ་བ་སྤྱད་དེ་མངོན་པར་རྫོགས་པར་སངས་རྒྱས་པས་སངས་རྒྱས་ཞེས་འབོད།དེའི་རྗེས་སུ་ཁོང་གིས་རྒྱ་གར་གྱི་ཆུ་བོ་གང་གཱའི་དབུས་རྒྱུད་ནས་སོ་སོ་སྐྱེ་བོ་རྣམས་ལ་རང་གི་དགོངས་པ་བསྒྲགས་ཏེ་ལོ་ཞེ་ལྔ་འགོར་བས།རིམ་བཞིན་དངོས་སློབ་མང་པོ་བྱུང་བ་དང་ཆོས་ལུགས་ཀྱི་ཚོགས་པ་བཙུགས་ཏེ།སངས་རྒྱས་ཆོས་ལུགས་བྱུང་བ་རེད།ཤཱཀྱ་མུ་ནེ་དགོང་ལོ་བརྒྱད་ཅུའི་སྐབས་སུ་སྐུ་མྱ་ངན་ལས་འདས་པ་དང་།ཁོང་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་ཐུགས་སྲས་དག་གིས་རིམ་བཞིན་སངས་རྒྱས་ཆོས་ལུགས་ས་ཆ་དང་རྒྱལ་ཁབ་གཞན་པར་སྤེལ་བས།ཕྱིས་སུ་སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་གྱུར།སྤྱི་ལོ་དར་བའི་ལོ་ཡི་སྔ་གཞུག་ཏུ།སངས་རྒྱས་ཆོས་ལུགས་རྒྱ་གར་ནས་ཀྲུང་གོར་དར་མགོ་བརྩམས།ཆོས་ལུགས་དར་སྤེལ་གྱི་དུས་ཚོད་དང་ཐབས་ལམ།ས་ཁུལ་བཅས་མི་འདྲ་བ་དང་།མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བར་བརྟེན་ནས།ཀྲུང་གོའི་སངས་རྒྱས་ཆོས་ལུགས་དེ་ཁག་ཆེན་པོ་གསུམ་དུ་གྱུར་པ་སྟེ།རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན།ཡུན་ནན་ས་ཁུལ་གྱི་ལྷོ་བརྒྱུད་ནང་བསྟན་བཅས་རེད།གཤམ་ནས་གཙོ་བོ་བོད་བརྒྱུད་ནང་བསྟན་མཚམས་སྦྱོར་ཞིག་བྱེད།

        བོད་བརྒྱུད་ནང་བསྟན་ལ་བོད་སྐད་ནང་བསྟན་དང་བོད་ཀྱི་ནང་བསྟན་ཞེས་འབོད་ལ།ཡོངས་ཁྱབ་ཏུ་བླ་མའི་ཆོས་ལུགས་ཞེས་འབོད།སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་བདུན་པར་ཐུ་བྷོད་རྒྱལ་རབས་དར་བའི་སྐབས་སུ་བོད་ལ་དར་མགོ་བརྩམས།དུས་རབས་བདུན་པའི་མགོར་སྲུང་བཙན་སྒམ་པོས་ཐུ་བྷོད་རྒྱལ་རབས་ལ་དབང་སྒྱུར་སྐབས།ཐུ་བྷོད་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེ་བའི་ཐོན་སྐྱེད་མཁོ་བ་དང་མཉམ་དུ།བསམ་བློའི་ཁྱབ་ཁོངས་སུ་ཡང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཆོས་ལུགས་གསར་བ་མཁོ།སྐབས་དེར་སངས་རྒྱས་ཆོས་ལུགས་ཕལ་ཆེར་ཨེ་ཤ་ཡ་ཡོངས་སུ་ཁྱབ་ཡོད་པ་དང་།བོད་ནི་རྒྱ་གར་དང་ཐང་རྒྱལ་རབས་གཉིས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་གཉིས་ཀྱི་དཀྱིལ་དུ་གནས་ཡོད་པས།རང་ཤུགས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཏེ་སངས་རྒྱས་ཆོས་ལུགས་དང་ལེན་བྱས་པ་དང་།གནས་ཚུལ་དེ་འདྲའི་འོག་ཏུ་སངས་རྒྱས་ཆོས་ལུགས་རང་རྒྱལ་གྱི་ནང་ལོགས་དང་རྒྱ་གར་ནས་བོད་ལ་དར་བ་རེད།བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྟེང་བཀོད་པ་ལྟར་ན།བོད་ཀྱི་བཙན་པོ་སྲུང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པས།སྔ་གཞུག་ཏུ་བལ་པོའི་བལ་བཟའ་ཀོང་ཇོ་དང་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས་པ་མ་ཟད།ལྷ་ལྡན་གཙུག་ལག་ཁང་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཏེ་ཀོང་ཇོ་གཉིས་ཀྱིས་འཁྱེར་བའི་ཤཱཀྱ་མུ་ནེའི་སྐུ་རྟེན་གཙུགས་ལག་ཁང་དུ་བཞག་པ་དང་།ཆོས་ཀྱི་གཞུང་མང་པོ་ལོ་ཙཱ་བྱས་ཏེ་སངས་རྒྱས་བསྟན་པ་སྤེལ།སྲོང་བཙན་སྒམ་པོའི་རྗེས་སུ་སངས་རྒྱས་ཆོས་ལུགས་ནི་ཐུ་བྷོད་ཀྱི་ཞིང་བྲན་བདག་པོ་དང་སྐུ་དྲག་ཚོའི་ཁེ་དབང་གི་རྩོད་པའི་ཁྲོད་དུ་བར་ཆད་ལ་འཕྲད་ནའང་།དུས་རབས་བཅུ་བའི་དུས་མཇུག་ཏུ་སླེབས་སྐབས་བསྟན་པའི་མེ་རོ་ཡང་བསྐྱར་དར།སངས་རྒྱས་ཆོས་ལུགས་དང་བོད་ཀྱི་གདོད་མའི་བོན་ཆོས་བར་ཡུན་རིང་པོར་འགལ་བ་དང་མཉམ་འདྲེས་བྱུང་སྟེ།སངས་རྒྱས་ཆོས་ལུགས་ཀྱིས་བོན་ཆོས་ཀྱི་ནང་དོན་མང་པོ་བསྡུ་ལེན་བྱས་པ་མ་ཟད།བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་ལ་དམ་དུ་འབྲེལ་བས།དེར་བོད་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ཡོད།དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ།བོད་ཀྱི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལ་གོང་འཕེལ་བྱུང་བ་དང་།ས་གནས་སོ་སོའི་བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་དག་གིས་རྒྱ་ཆེའི་ཞིང་བྲན་རྣམས་ལ་གཉའ་གནོན་བཤུ་གཞོག་བྱས་པས།ཁོ་ཚོའི་དཔལ་འབྱོར་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་།དབང་སྒྱུར་གྱི་གོ་གནས་སྲ་བརྟན་དུ་སོང་བ་ན།ཕན་ཚུན་བར་དུ་དབང་ཆ་རྩོད་རེས་བྱས།བཀས་བཀོད་རྒྱུད་འཛིན་གྱི་ཚོགས་པ་མི་འདྲ་བར་བརྟེན་པའི་དགོན་སྡེའི་གྲྭ་བཙུན་གྱིས་ཀྱང་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་བཙུགས་ཏེ་དར་སྤེལ་བཏང་ནས་གྲུབ་མཐའ་མི་འདྲ་བ་ཆགས།དུས་རབས་བཅུ་གཅིག་པའི་རྗེས་སུ།སྔ་གཞུག་ཏུ་གྲུབ་མཐའ་དང་དེའི་མ་ལག་སུམ་ཅུ་ཙམ་བྱུང་ལ།དེའི་ནང་གི་གཙོ་བོ་ནི་རྙིང་མ་པ་དང་ས་སྐྱ་པ།བཀའ་རྒྱུད་པ།བཀའ་གདམས་པ།དགེ་ལུགས་པ་བཅས་རེད།

        ཏའོ་ཅའོ་ཆོས་ལུགས།ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་ལ་ཆེད་དུ་ཡོད་པའི་ཆོས་ལུགས་ཡིན་པ་དང་།དེ་སྤྱི་ལོའི་དུས་རབས་དང་པོར་ཧན་རྒྱལ་རབས་ཤར་མའི་དུས་མགོར་བྱུང་ཞིང་།ད་བར་དུ་ལོ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད།ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་གྱི་གདོད་མའི་ཆོས་ལུགས་དད་མོས་ཀྱི་རྨང་གཞིའི་སྟེང་།སྨན་རྩིས་མོ་དཔྱད་སོགས་ཆོས་ལུགས་ཀྱི་བསམ་བློ་དང་ཉམས་ལེན་བྱེད་ཐབས་ཁ་ཤས་བསྡུ་ལེན་བྱས་ཏེ་རིམ་བཞིན་ཆགས་པ་རེད།ཏའོ་ཅའོ་ཆོས་ལུགས་ཀྱིས་ལའོ་ཙི་ནི་བསྟན་པའི་བདག་པོར་བརྩི་ཞིང་།ལའོ་ཙི་ཡི་གསུང་རྩོམ་སྤྱོད་ལམ་གསུང་རབ་ཅེས་པ་དེ་གསུང་རབ་གཙོ་བོར་བརྩི་བ་མ་ཟད།དེར་ཆོས་ལུགས་རང་བཞིན་གྱི་འགྲེམ་བཤད་བྱས་ཡོད།དེས་ལམ་ཞེས་པ་ནི་བླ་ན་མེད་པའི་དད་མོས་སུ་བརྩི་བ་དང་།ལམ་ནི་དངོས་པོའི་འཇིག་རྟེན་དང་བསམ་པའི་འཇིག་རྟེན་གྱི་འབྱུང་གཞི་ཡིན་པ་དང་།དེའི་ནང་དུ་ཡོད་ཚད་འདུ་ལ།དེ་ནི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་འདོད།ལམ་དང་མཉམ་དུ་སྤྱོད་ལའང་འགྲེལ་བཤད་བྱས་ཡོད་དེ།སྤྱོད་ནི་ཆོས་ཐམས་ཅད་ཀྱི་འཚོ་གནས་ཀྱི་ཚོར་བ་སྐྱེན་པོ་ལ་གོ་བ་དང་།སྤྱི་ཚོགས་ཀྱི་ཀུན་སྤྱོད་ལའང་གོ།ལམ་དང་སྤྱོད་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་།གནམ་དང་ས།མི་ཚང་མ་སྤྱོད་ལམ་གྱི་འབྲེལ་བ་དང་འབྲལ་ཐབས་མེད་པར་འདོད།ཏའོ་ཅའོ་ཆོས་ལུགས་དེ་ཡུན་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ནས་གྲུབ་མཐའ་མི་འདྲ་བར་གྱེས་པ་དང་།གཙོ་བོ་ནི་ཆོན་ཀྲིན་ཏའོ་དང་ཀྲིན་དབྱི་ཏའོ་གཉིས་ཡིན།ཆོན་ཀྲིན་ཏའོ་ཡིས་བང་ཁྲུང་དབྱང་ཤིང་རྟའི་སྲོལ་འབྱེད་མཁན་དུ་བརྩི་ལ།གཙོ་བོ་སྒྲུབ་སྦྱོང་བྱེད་པ་དང་བཙུན་པའི་སྲོལ་འཛིན།ཀྲིན་དབྱི་ཏའོ་ཡིས་ཀྲང་ཏའོ་ལིན་ཤིང་རྟའི་སྲོལ་འབྱེད་མཁན་དུ་བརྩི་ལ།གཙོ་བོ་ཆང་གིས་ལྷ་ལ་མཆོད་པ་དང་ཤོག་བུའི་སྟེང་རི་མོ་བྲིས་ཏེ་བགེག་བཟློག་ལུས་སྲུང་བྱེད་པའི་ལས་ལ་འཇུགགྲུབ་མཐའ་དེ་གཉིས་ཀྱི་སྡོམ་ཁྲིམས་མི་འདྲ་ནའང་།ཆོས་ཀྱི་དགོངས་དོན་ཐད་ནས་འགལ་བ་ཆེན་པོ་མེད།ཏའོ་ཅའོ་ཆོས་ལུགས་ཀྱིས་ལྷ་ལ་མཆོད་ས་དང་།ལྷ་སྐུ་བཞེངས་ས།ཆོས་ཀྱི་ཆོ་ག་སྤེལ་ས་བཅས་ལ་ཏའོ་ཅའོ་ཕོ་བྲང་དང་ཏའོ་ཅའོ་ལྷ་ཁང་།ཏའོ་ཅའོ་དགོན་པ།ཏའོ་ཅའོ་གླིང་།ཏའོ་ཅའོ་བྲག་ཕུག་ཅེས་འབོད་ལ།སྤྱིར་བཏང་དུ་དེ་དག་ལ་ཏའོ་ཅའོ་ལྷ་ཁང་ཞེས་འབོད།

        དབྱི་སི་ལན་ཆོས་ལུགས།དབྱི་སི་ལན་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་དང་མཉམ་དུ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་སུ་བཞག་ཡོད་ལ།དུས་རབས་བདུན་པར་ཨ་རབ་ཕྱེད་གླིང་ནས་བྱུང་བ་རེད།སྔོན་ཆད་རང་རྒྱལ་གྱིས་དེ་ལ་ཧོས་ཅའོ་ཆོས་ལུགས་དང་ཆིན་ཀྲིན་ཆོས་ལུགས།ཡང་ན་ཐེན་ཧྥང་ཆོས་ལུགས་ཞེས་འབོད།དབྱི་སི་ལན་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ནི་བསྟུན་པ་དང་དང་དུ་ལེན་པའི་དོན་ཡིན་ཏེ།ཨན་ལ་ཡི་དགོངས་པར་བསྟུན་པ་དང་དང་དུ་ལེན་ཞེས་པར་གོ།དབྱི་སི་ལན་ཆོས་ལུགས་ཀྱི་བཤད་ཚུལ་ལྟར་ན།དབྱི་སི་ལན་ཆོས་ལུགས་ནི་སྟོན་པ་མུའུ་ཧན་མོ་ཏི་ཡིས་ཨན་ལ་ཡི་ལུང་བསྟན་དང་དུ་བླངས་ནས་བྱུང་བ་དང་དར་བ་རེད་ཟེར།དབྱི་སི་ལན་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ་ནི་ཁུ་རན་གསུང་རབ་ཡིན།གསུང་རབ་དེ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་དད་མོས་དང་ཁྲིམས་འཛུགས།ཀུན་སྤྱོད་ཚད་གཞི།བསམ་བློའི་རིག་གཞུང་བཅས་ཀྱི་རྨང་གཞི་ཡིན།མུའུ་ཧན་མོ་ཏི་སྐུ་གཤེགས་རྗེས།ཆབ་སྲིད་དང་ཆོས་ལུགས།སྤྱི་ཚོགས་ཀྱི་འདོད་བློ་བཅས་ཀྱི་ཐད་ནས་འགལ་བ་བྱུང་བས།ཆོས་ལུགས་ནང་ཁུལ་དུ་ཡང་འགལ་བ་བྱུང་ནས་གྲུབ་མཐའ་མི་འདྲ་བ་འགའ་རུ་གྱེས་ལ།གཙོ་བོ་ཞུང་ཉི་དང་ཧྲི་ཡེ་ཞེས་པའི་གྲུབ་མཐའ་ཆེན་པོ་གཉིས་སུ་གྱེས།སྤྱི་ལོའི་དུས་རབས་བདུན་པའི་མགོར།ཨ་རབ་ཀྱི་མུའུ་སི་ལིན་མཚོ་ཐོག་དང་སྐམ་ལམ་གཉིས་ནས་ཀྲུང་གོར་ཉོ་ཚོང་དང་ཡང་ན་གནས་སྐོར་བྱེད་དུ་ཡོང་བར་མ་ཟད།དབྱི་སི་ལན་ཆོས་ལུགས་དར་སྤེལ་བྱེད་དུ་ཡོང་།ཡོན་རྒྱལ་རབས་ཀྱི་སྐབས་སུ་དབྱི་སི་ལན་ཆོས་ལུགས་རང་རྒྱལ་ནས་དར་ཁྱབ་སྔར་ལས་ཆེན་པོ་བྱུང་།དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ་མེན་རྒྱལ་རབས་ཀྱི་མཇུག་ཏུ།དབྱི་སི་ལན་ཆོས་ལུགས་དེ་ཀྲུང་གོའི་སྲོལ་རྒྱུན་གྱི་རུའུ་ལུགས་པའི་བསམ་བློ་དང་འདྲེས་པས།ཆོས་ཁང་གི་སློབ་གསོ་གོང་འཕེལ་ངེས་ཅན་བྱུང་བ་དང་།མུའུ་སི་ལིན་ཆོས་ཁང་ལས་པ་སོགས་ཀྱི་ཐད་ནས་ཀྱང་རྒྱ་རིགས་ཀྱི་དགོན་པའི་འཛུགས་སྐྲུན་བྱེད་སྲོལ་བསྡུ་ལེན་བྱས་ཡོད།ཀྲུང་གོ་ན་ད་ལྟ་ཡུ་གུར་རིགས་དང་ཧོས་རིགས།ཧ་སག་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ཐམ་པས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད།

         གནམ་བདག་ཆོས་ལུགས།གནམ་བདག་ཆོས་ལུགས་ནི་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་དང་ཡེ་ཤུའི་ཆོས་ལུགས་གསར་བ་གཉིས་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་གསུམ་ནང་གི་གཅིག་ཡིན་ལ།སྤྱི་ཆོས་ཞེས་ཀྱང་འབོད།དེའི་དོན་ནི་འཛམ་གླིང་ཡོངས་དང་ཡོངས་ཁྱབ་ཀྱི་ཆོས་ལུགས་ཞེས་པར་གོ།དེ་དར་ས་གཙོ་བོ་ནི་རཱོ་མ་ཡིན་པས་རཱོ་མའི་སྤྱི་ཆོས་ཞེས་ཀྱང་འབོད།ཡེ་ཤུ་ཆོས་ལུགས་ནི་སྤྱི་ལོ་དུས་རབས་དང་པོར་ཨེ་ཤ་ཡའི་ནུབ་ཕྱོགས་ཀྱི་ཕ་ལེ་སི་ཐན་ས་ཁུལ་ནས་བྱུང་བ་དང་།བཤད་ཚུལ་ལྟར་ན་ཡིའུ་ཐའེ་པ་ཡེ་ཤུ་ཡིས་གསར་དུ་བཏོད་པ་དང་།ཡིའུ་ཐའེ་ཆོས་ལུགས་ཀྱི་ཡན་ལག་ཅིག་གོང་དུ་འཕེལ་ནས་བྱུང་བ་རེད་ཟེར།ཡེ་ཤུ་ཆོས་ལུགས་བྱུང་མ་ཐག་པའི་དུས་མགོར་ཤར་ནུབ་ཀྱི་ཕྱོགས་ཁག་གཉིས་སུ་བཀར་བ་དང་།ཕྱོགས་ཁག་ཤར་མ་ནི་རཱོ་མ་བཙན་པོའི་རྒྱལ་ཁབ་ཤར་ཕྱོགས་ཀྱི་ཞི་ལ་ས་ཁུལ་དུ་ཁྱབ་པ་དང་།ཕྱོགས་ཁག་ནུབ་མ་ནི་རཱོ་མ་བཙན་པོའི་རྒྱལ་ཁབ་ནུབ་ཕྱོགས་ཀྱི་ལ་ཏེན་སྐད་སྨྲ་སར་ཁྱབ།སྤྱི་ལོ 395 ལོར་རཱོ་མ་བཙན་པོའི་རྒྱལ་ཁབ་དེ་རཱོ་མ་ཤར་མ་དང་རཱོ་མ་ནུབ་མ་སྟེ་རྒྱལ་ཁབ་གཉིས་སུ་གྱེས།རཱོ་མ་ཤར་མས་ཅུན་ཧྲི་ཐན་ཏེན་པའོ་རྒྱལ་སར་གཏན་ཁེལ་བྱས་པ་དང་།རཱོ་མ་ནུབ་མས་རཱོ་མ་རྒྱལ་སར་གཏན་ལ་ཕབ་པས།ཡེ་ཤུ་ཆོས་ལུགས་སྤེལ་སའི་གནས་གཙོ་བོ་ཤར་ནུབ་གཉིས་སུ་ཆགས།ཆོས་ཀྱི་དགོངས་པར་གོ་བ་ལེན་ཚུལ་མི་འདྲ་བ་དང་།ཆོས་ཀྱི་གུས་ལུགས་ཐད་ནས་འགལ་བ་བྱུང་བ།ཆོས་ཚོགས་ཀྱི་དབང་ཆ་བརྩད་པ་སོགས་ལ་བརྟེན་ནས།ཆོས་ལུགས་ཕྱོགས་ཁག་གཉིས་པོ 1054 ལོར་སོ་སོར་འཐོར་བ་དང་།ཕྱོགས་ཁག་ཤར་མས་རང་མིང་ལ་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་ཞེས་བཏགས་པ་དང་།ཕྱོགས་ཁག་ནུབ་མས་རང་མིང་ལ་སྤྱི་ཆོས་ཞེས་བཏགས། (ཀྲུང་གོས་དེར་གནམ་བདག་ཆོས་ལུགས་ཟེར།) གནམ་བདག་ཆོས་ལུགས་ནི་རང་རྒྱལ་ལ་ཡོན་རྒྱལ་རབས་ཀྱི་སྐབས་སུ་དར་བ་དང་།རྗེས་སུ་དར་རྒུད་ཀྱི་བརྒྱུད་རིམ་འགའ་བརྒྱུད། 1840 ལོར་ཀྲུང་དབྱིན་ཉལ་ཐའི་དམག་འཁྲུག་བྱུང་རྗེས།གནམ་བདག་ཆོས་ལུགས་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་ལག་ཆར་གྱུར་ནས་གཞི་ཁྱོན་ཆེ་བའི་སྒོ་ནས་ཀྲུང་གོར་མཆེད་པ་དང་།རྒྱལ་ཁབ་ཕྱི་ནང་གི་དབང་སྒྱུར་བའི་རྒྱབ་སྐྱོར་འོག་འཕེལ་རྒྱས་ཆེན་པོ་བྱུང་།ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གནམ་བདག་ཆོས་ལུགས་ཀྱི་དད་ལྡན་པ་ས་ཡ3ལ་བུད།

        ཡེ་ཤུ་ཆོས་ལུགས།ཡེ་ཤུ་ཆོས་ལུགས་ནི་གནམ་བདག་ཆོས་ལུགས་དང་ཡེ་ཤུ་དངོས་རྒྱུད་ཆོས་ལུགས་ཤར་མ་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་གསུམ་ནང་གི་གཅིག་ཡིན་པ་དང་།དུས་རབས 16 པར་ཡོ་རོབ་གླིང་གི་ཆོས་ལུགས་བཅོས་སྒྱུར་ལས་འགུལ་ཁྲོད་གནམ་བདག་ཆོས་ལུགས་ལས་བྲལ་ཏེ་བྱུང་བའི་གྲུབ་མཐའ་གསར་བ་ཞིག་ཡིན་ལ།གྲུབ་མཐའ་དེ་དག་གི་ཁྲོད་ནས་བྱུང་བའི་ཕྱོགས་ཁག་མང་པོའི་སྤྱི་མིང་རེད།ཡེ་ཤུ་ཆོས་ལུགས་ནི་དུས་རབས 19 བའི་དུས་མགོར་ཀྲུང་གོར་དར་བ་དང་། 1840 ལོར་ཉལ་ཐའི་དམག་འཁྲུག་བྱུང་རྗེས།ནུབ་ཕྱོགས་ཀྱི་ཡེ་ཤུ་ཆོས་ལུགས་སྤེལ་མཁན་གྱིས་ཀྲུང་གོ་ནས་ཆོས་ལུགས་སྤེལ་བའི་མྱུར་ཚད་ཇེ་མགྱོགས་དང་གཞི་ཁྱོན་ཇེ་ཆེར་བཏང་།ཡེ་ཤུ་ཆོས་ལུགས་གཞི་ཁྱོན་ཆེན་པོས་ཀྲུང་གོར་མཆེད་པ་དང་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གཉིས་དུས་མཉམ་དུ་བྱུང་བ་དང་བསྟུན་ནས།ཆོས་སྤེལ་བའི་ལས་དོན་དེ་དྲག་ཤུགས་ལ་བརྟེན་པ་དང་།ཆོས་ཚོགས་ལ་དམིགས་བསལ་གྱི་དབང་ཆ་ཡོད་པས།ཀྲུང་གོ་བས་ངོ་རྒོལ་དྲག་པོ་བྱས་པ་དང་།ནུབ་ཕྱོགས་ཆོས་ཚོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྣང་མེད་དུ་བཞག་སྟེ་ཀྲུང་གོ་ནུབ་བསྒྱུར་བྱེད་འདོད་པ་དེ་ཡང་ཁས་ལེན་མ་བྱས།1949ལོར་ཀྲུང་གོ་གསར་བ་དབུ་བརྙེས་རྗེས།རྒྱལ་ཡོངས་སུ་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པ་འབུམ7ཙམ་ཡོད།

         ཁག་བཞི་བ།ཏང་གི་ཆོས་ལུགས་སྲིད་ཇུས། 

        ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གིས་ནམ་ཡིན་ཡང་ཆོས་ལུགས་ཀྱི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ།ཡང་དག་པའི་ཆོས་ལུགས་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ་ཡོད་པ་མ་ཟད།དེ་འབད་བརྩོན་ཆེན་པོས་ལག་བསྟར་བྱས་ཏེ།རང་རྒྱལ་གྱི་ཆོས་ལུགས་གནད་དོན་འོས་འཚམ་གྱིས་ཐག་གཅོད་པར་ཁག་ཐེག་བྱས་ཡོད།ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཏང་གི་སྒྲིག་ཡིག་གི་སྤྱིའི་རྩ་འཛིན་ནང་དུ་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་ཞེས་ཁ་སྣོན་བྱས་ཡོད་ལ།འདིས་ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་ལ་ངོས་འཛིན་སྔར་ལས་གསལ་བོ་བྱས་ཡོད་པ་མཚོན་ཡོད།

         ཀྲུང་གོ་གུང་ཁྲན་ཏང་གིས་ཆོས་ལུགས་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་ལ་གཙོ་བོ་གཤམ་གྱི་འདི་དག་འདུས་ཏེ།

        1. ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས།

       (1) ཀྲུང་གོ་གུང་ཁྲན་ཏང་གིས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པའི་སྲོལ་དེ་ཆོས་ལུགས་ཀྱི་གཤམ་གྱི་ཚན་རིག་དང་མཐུན་པའི་ངེས་ཤེས་འདི་དག་གི་རྨང་གཞིའི་སྟེང་བཙུགས་པ་རེད།དང་པོ།ཆོས་ལུགས་ནི་མིའི་རིགས་ཀྱི་བསམ་བློའི་འཚོ་བའི་ཁྲོད་ཀྱི་སྤྱིར་བཏང་དང་ཡུན་རིང་དུ་གནས་པའི་སྣང་ཚུལ་ཞིག་ཡིན་ལ།དེར་དེའི་བྱུང་འཕེལ་གྱི་སྤྱི་ཚོགས་ཀྱི་འབྱུང་གཞི་དང་གོ་རྟོགས་ཀྱི་འབྱུང་གཞི་ཡོད་པ་དང་།དེར་མིའི་འདོད་བློ་དང་བསྟུན་ནས་མི་འགྱུར་བའི་ཕྱི་རོལ་ཆོས་ཉིད་ཡོད་པས།ཏང་གི་ཆོས་ལུགས་སྲིད་ཇུས་གཏན་འབེབ་བྱེད་ན་ངེས་པར་དུ་ཆོས་ལུགས་ཀྱི་ཕྱིའི་འཕེལ་རྒྱས་ཆོས་ཉིད་བརྩི་སྲུང་བྱེད་དགོས་པ་ལས།སྲིད་འཛིན་གྱི་ཐབས་ལ་བརྟེན་ནས་དེར་ཚོད་འཛིན་བྱེད་པ་དང་ཐ་ན་རྩ་མེད་དུ་གཏོང་འདོད་པ་ནི་སྟོང་བསམ་ཡིན།གཉིས་པ།ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་གཞི་རྩའི་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ།མི་མང་ཆེ་ཤོས་བསམ་རྒྱུ་དང་མི་མང་ཆེ་ཤོས་ལ་མཐུན་སྒྲིལ་བྱེད་རྒྱུ།མི་མང་ཆེ་ཤོས་ལ་བརྟེན་རྒྱུ་བཅས་ཡིན།ང་ཚོའི་བྱ་བ་ཐམས་ཅད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་དབང་མངོན་འགྱུར་དང་དེ་སྲུང་སྐྱོང་བྱེད་པའི་ཆེད་ཡིན་ལ།དེའི་ནང་དུ་རང་གི་ཆོས་ལུགས་དད་མོས་ཀྱི་རང་དབང་གདམ་གསེས་དབང་ཆ་ཡང་འདུ་བ་ཡིན།སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་བརྩི་བཀུར་བྱས་ན།ད་གཟོད་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་བརྩོན་སེམས་བསྐྱེད་ཐུབ་པ་དང་།ད་གཟོད་ཆོས་ལ་དད་པ་དང་མི་དད་པའི་མང་ཚོགས་ཀྱིས་གཞི་རྩའི་ཁེ་ཕན་གཅིག་ཡིན་པའི་རྨང་གཞིའི་སྟེང་མཐུན་སྒྲིལ་བྱས་ཏེ།འདོད་བློ་དང་སྟོབས་ཤུགས་དེ་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་།སྔར་ལས་སྐྱིད་པའི་འཚོ་བ་མངོན་འགྱུར་བྱེད་པའི་ཐུན་མོང་གི་དམིགས་འབེན་སྟེང་གཅིག་བསྡུ་བྱེད་ཐུབ།གསུམ་པ།གུང་ཁྲན་ཏང་མི་དང་ཆོས་ལུགས་ལ་དད་མོས་བྱེད་མཁན་བར་གྱི་ཁྱད་པར་ནི།འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་འབྱུང་གཞི་ལ་བཅངས་པའི་ལྟ་སྟངས་དང་དམིགས་འབེན་སྙེག་པའི་ཐབས་ལམ་གྱི་ཁྱད་པར་ཡིན་པ་ལས།དམིགས་འབེན་ནི་མ་གཞི་ནས་གཅིག་མཚུངས་དང་ཡང་ན་ཕལ་ཆེར་གཅིག་མཚུངས་ཡིན།ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་ན།ད་གཟོད་ཆོས་ལུགས་ཀྱི་ནང་དོན་བཟང་པོ་སྔོག་འདོན་དང་ལེགས་སྒྲིག་བྱས་ཏེ།དེར་དངོས་ཡོད་འཚོ་བའི་ཁྲོད་ནུས་པ་བཟང་པོ་འདོན་དུ་འཇུག་ཐུབ།བཞི་བ།ཆོས་ལུགས་དད་མོས་ཀྱི་གནད་དོན་ནི་བསམ་བློའི་ཁྱབ་ཁོངས་ཀྱི་གནད་དོན་ཡིན་ལ།བསམ་བློའི་རང་བཞིན་གྱི་གནད་དོན་ཚང་མར་བསླབ་བྱ་སློབ་གསོ་གཏོང་དགོས་པ་ལས།བཙན་གྱིས་བཀའ་འབབ་མི་རུང་བ་དང་།དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་དགོས་པ་ལས་ཚོད་འཛིན་བཀག་འགོག་བྱེད་མི་རུང་ལ།དམངས་གཙོའི་བྱེད་ཐབས་སྤྱོད་དགོས་པ་ལས།བཙན་ཤུགས་བཀོལ་མི་རུང་ཞིང་།སྒེར་གཅོད་ཀྱི་བྱེད་ཐབས་དེ་ལས་སྤྱོད་མི་ཉན།དེ་མིན་ཚེ་མཇུག་འབྲས་ངན་པ་འབྱུང་ངེས།ལྔ་བ།ཆོས་དད་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ཀྱི་བསམ་བློའི་དད་མོས་ཀྱི་ཁྱད་པར་ནི་དེ་འདྲ་གལ་ཆེན་མིན་ལ།ཁོ་ཚོའི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་གཞི་རྩའི་ཁེ་ཕན་གཅིག་གྱུར་བྱེད་རྒྱུ་ནི་ད་གཟོད་ཧ་ཅང་གལ་ཆེ།གལ་ཏེ་ཐལ་དྲག་པའི་སྒོ་ནས་དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ཀྱི་བསམ་བློའི་དད་མོས་ཐད་ཀྱི་ཁྱད་པར་གཙོ་བོར་བཟུང་སྟེ།དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཐད་ཀྱི་གཅིག་གྱུར་སྣང་མེད་དུ་བཞག་ཅིང་།ཏང་གི་སྤྱིའི་ལས་འགན་ནི་མང་ཚོགས་ཡོངས་ཀྱི་གཞི་རྩའི་ཁེ་ཕན་གྱི་ཚབ་བྱེད་རྒྱུ་དེ་ཡིན་པ་བརྗེད་ཚེ།དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ཀྱི་བར་ཐག་ཇེ་རིང་ལ་འགྲོ་བ་མ་ཟད།ཆོས་ལུགས་ཐལ་སྐྱོད་ཀྱི་ཚབས་ཇེ་ཆེར་བཏང་ནས།སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་ཚབས་ཆེ་བའི་མཇུག་འབྲས་ངན་པ་བཟོ་ངེས།དྲུག་པ།ཆོས་ལུགས་དད་མོས་རང་དབང་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་ནང་དོན་གལ་ཆེན་ཡིན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་འཛམ་གླིང་འགྲོ་མིའི་ཐོབ་ཐང་གི་སྒྲོག་གཏམ།དཔལ་འབྱོར་སྤྱི་ཚོགས་རིག་གནས་དབང་ཆའི་རྒྱལ་སྤྱིའི་སྤྱི་ཆིངས།སྤྱི་དམངས་དབང་ཆ་དང་ཆབ་སྲིད་དབང་ཆའི་རྒྱལ་སྤྱིའི་སྤྱི་ཆིངས་སོགས་རྒྱལ་སྤྱིའི་ཡིག་ཆ་དང་སྤྱི་ཆིངས་ཚང་མའི་ནང་དུ་ཆོས་ལུགས་དང་ཡང་ན་དད་མོས་རང་དབང་གི་ཐད་ནས་ཀུན་གྱིས་ཁས་ལེན་པའི་རྩ་དོན་གལ་ཆེན་ཞིག་ཆགས་ཡོད།དཔེར་ན་ཆོས་ལུགས་དད་མོས་རང་དབང་གི་ནང་དུ་ཆོས་ལུགས་དད་མོས་གདམ་གསེས་དང་རྒྱུན་འཁྱོངས།བཅོས་སྒྱུར་བྱེད་པ་དང་འོས་འཚམ་གྱི་རྣམ་པས་དད་མོས་ཀྱི་རང་དབང་མཚོན་པར་བྱེད་པ་དང་།མི་ཚང་མར་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པས།བཙན་ཤུགས་དང་གཉའ་གནོན་ཅི་ཡང་མི་མྱོང་ཞིང་།རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རྒྱལ་ཁབ་དེའི་རྒྱལ་སྤྱིའི་འོས་འགན་གཞིར་བཟུང་ནས།བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་འོས་འཚམ་གྱི་བྱེད་ཐབས་སྤྱད་དེ་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་འགན་སྲུང་བྱེད་པ་དང་།ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་ལག་བསྟར་བྱེད་སྐབས་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མི་འགལ་ཞིང་།སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་མི་གཞན་པའི་གཞི་རྩའི་དབང་ཆར་གནོད་མི་སྐྱེལ་བ་སོགས་འདུ།

        (2) ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་གཞི་རྩའི་ནང་དོན།དང་པོ།ཆོས་ལུགས་ལ་དད་པ་དང་མི་དད་པ་ནི་རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་ཞིག་ཡིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས་ཀྱི་དོན་ཚན་སོ་དྲུག་པའི་ནང་དུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ཅེས་གཏན་ཁེལ་བྱས་ཡོད།གཉིས་པ།ཆོས་ལུགས་དད་མོས་རང་དབང་ནི་སྤྱི་དམངས་རེ་རེར་ཆོས་ལུགས་ལ་དད་པའི་རང་དབང་ཡོད་པ་དང་།ཆོས་ལུགས་ལ་མི་དད་པའི་རང་དབང་ཡང་ཡོད་ལ།ཆོས་ལུགས་འདི་ལ་དད་པའི་རང་དབང་ཡོད་པ་དང་།ཆོས་ལུགས་གན་ལ་དད་པའི་རང་དབང་ཡང་ཡོད་ཅིང་།ཆོས་ལུགས་གཅིག་གི་ནང་ནས་གྲུབ་མཐའ་འདི་ལ་དད་པའི་རང་དབང་ཡོད་པ་དང་།གྲུབ་མཐའ་གན་ལ་དད་པའི་རང་དབང་ཡོད་ལ།སྔོན་ཆད་ཆོས་ལུགས་ལ་མི་དད་ན་ད་ལྟ་ཆོས་ལུགས་ལ་དད་པའི་རང་དབང་ཡོད་པ་དང་།སྔོན་ཆད་ཆོས་ལུགས་ལ་དད་ན་ད་ལྟ་ཆོས་ལུགས་ལ་མི་དད་པའི་དབང་ཆ་ཡང་ཡོད་པའི་དོན་ཡིན།མདོར་ན་ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པ་དེར་མི་རྣམས་ཀྱི་ཆོས་ལུགས་ལ་དད་པའི་རང་དབང་དང་ཆོས་ལུགས་ལ་མི་དད་པའི་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་གཉིས་ཡོད།རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་པ་ཡིན།རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ།མི་སྒེར་གང་རུང་གིས་བཙན་གྱིས་སྤྱི་དམངས་ཚོར་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་དད་པ་བྱེད་དུ་མི་འཇུག་པ་སོགས་བྱས་མི་ཆོགཆོས་དད་མང་ཚོགས་དང་ཆོས་ལུགས་ལ་མི་དད་པའི་མང་ཚོགས་བར་དང་།ཆོས་ལུགས་མི་གཅིག་པ་དང་གྲུབ་མཐའ་མི་གཅིག་པར་དད་པའི་མང་ཚོགས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་མཐུན་སྒྲིལ་བྱེད་དགོས།མང་ཚོགས་མང་ཆེ་ཤོས་ཀྱིས་ཆོས་ལུགས་ལ་དད་པ་མི་བྱེད་པའི་ས་ཆ་སྟེ།དཔེར་ན་རྒྱ་རིགས་གཙོ་ཡིན་པའི་འདུས་སྡོད་ས་ཁུལ་ནས་ཆོས་དད་མང་ཚོགས་ཉུང་ཤོས་ཀྱི་དབང་ཆ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས་ལ།མང་ཚོགས་མང་ཆེ་ཤོས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པའི་ས་ཆ་ནས།ཆོས་ལུགས་ལ་དད་པ་མི་བྱེད་པའི་མང་ཚོགས་ཉུང་ཤོས་ཀྱི་དབང་ཆ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས།གསུམ་པ།རྒྱལ་ཁབ་ཀྱིས་ཆོས་དང་སྲིད་སོ་སོར་འབྱེད་པ་དང་།ཆོས་ལུགས་དང་སློབ་གསོ་སོ་སོར་འབྱེད་པའི་རྩ་དོན་ལག་བསྟར་བྱེད་པ་ཡིན།སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་སྲིད་དབང་ནི་ཆོས་ལུགས་ག་གེ་མོ་ཞིག་སྤེལ་བར་བཀོལ་མི་རུང་ལ།ཆོས་ལུགས་ག་གེ་མོ་ཞིག་བཀག་འགོག་བྱེད་པར་དེ་བས་ཀྱང་བཀོལ་མི་རུང་།རྒྱུན་ལྡན་གྱི་ཆོས་ལུགས་དད་མོས་དང་ཆོས་ལུགས་བྱ་འགུལ་ཡིན་ཕྱིན།ང་ཚོས་སྲིད་འཛིན་སྟོབས་ཤུགས་ལ་བརྟེན་ནས་དེ་རྩ་མེད་དུ་གཏོང་མི་ཉན་ལ།སྲིད་འཛིན་སྟོབས་ཤུགས་ལ་བརྟེན་ནས་དེ་གོང་འཕེལ་དུ་ཡང་གཏོང་མི་ཉན།ཆོས་དང་སྲིད་སོ་སོར་འབྱེད་པའི་རྩ་དོན་ལྟར་ན།ཆོས་ལུགས་ཐམས་ཅད་ཀྱིས་ཁྲིམས་འཛིན་དང་སློབ་གསོ།གཉེན་སྒྲིགའཆར་ལྡན་བུ་སྐྱེ་སོགས་སྲིད་གཞུང་གི་དོན་དག་ལ་ཐེ་གཏོགས་བྱས་མི་ཆོག་པ་དང་།རྩ་བའི་རྩ་དོན་བཞི་དྲིལ་སྒྲོག་བྱེད་པར་ངོ་རྒོལ་བྱས་མི་ཆོག་ལ།མེད་པར་བཏང་ཟིན་པའི་ཆོས་ལུགས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་གཉའ་གནོན་བཤུ་གཞོག་གི་ལམ་ལུགས་སླར་གསོ་བྱས་མི་ཆོགཆོས་ལུགས་ཀྱིས་རྒྱལ་དམངས་སློབ་གསོ་ལ་ཐེ་གཏོགས་བྱས་མི་ཆོག་པ་དང་།མི་སུས་ཀྱང་ཆོས་ལུགས་བཀོལ་ནས་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་གནོད་པ་བཟོ་བའི་བྱ་འགུལ་སྤེལ་མི་རུང་།སློབ་གྲྭ་དཀྱུས་མས་སློབ་མར་ཆོས་ལུགས་དྲིལ་སྒྲོག་བྱས་ཏེ་ཆོས་ལུགས་ཀྱི་སློབ་གསོ་གཏོང་མི་རུང་ལ།སློབ་གྲྭས་སློབ་ཁྲིད་བྱེད་མཚམས་བཞག་སྟེ་ཐུན་མོང་གིས་ཆོས་ལུགས་བྱ་འགུལ་སྤེལ་མི་རུང་བ་དང་།བཙན་གྱིས་སློབ་མར་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པ་དང་བཙན་གྱིས་ཁོ་ཚོ་རབ་ཏུ་བྱུང་དུ་འཇུག་མི་རུང་ཞིང་།ཐབས་གང་རུང་ལ་བརྟེན་ནས་སློབ་གྲྭ་ནས་ཆོས་ལུགས་ཀྱི་སློབ་ཁྲིད་བྱས་མི་ཆོག་པ་དང་།ཆོས་ལུགས་བཀོལ་ནས་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་ལ་གཏོར་བརླག་བྱས་མི་ཆོག་ལ།ཐབས་གང་རུང་ལ་བརྟེན་ནས་སློབ་མར་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་སློབ་གསོ་གཏོང་བ་དང་ཚན་རིག་རིག་གནས་ཀྱི་སློབ་གསོ་གཏོང་བར་གནོད་པ་དང་བཀག་འགོག་བྱས་མི་ཆོག

        (3) ཆོས་ལུགས་དད་མོས་རང་དབང་གིས་དབང་ཆ་དང་འོས་འགན་གཅིག་གྱུར་བྱས་ཡོད།རང་རྒྱལ་གྱི་རྩ་ཁྲིམས་ནང་སྤྱི་དམངས་ཀྱི་དབང་ཆ་དང་འོས་འགན་ནི་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པས།སྤྱི་དམངས་སུ་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དབང་ཆ་ལོངས་སུ་སྤྱོད་པ་དང་མཉམ་དུ།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འོས་འགན་བརྩི་སྲུང་བྱེད་དགོས་ཞེས་གཏན་ཁེལ་བྱས་ཡོད་པར་བརྟེན།སྤྱི་དམངས་ཀྱིས་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་ལོངས་སུ་སྤྱོད་པ་དང་མཉམ་དུ།ངེས་པར་དུ་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འོས་འགན་ཕྲག་ཏུ་ལེན་དགོས།མི་སུས་ཀྱང་ཆོས་ལུགས་བཀོལ་ནས་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱས་ཏེ།རྒྱལ་ཁབ་ཀྱི་གཅིག་གྱུར་དང་སྤྱི་ཚོགས་ཀྱི་བརྟན་འཇགས།མི་རིགས་ཀྱི་མཐུན་སྒྲིལ་བཅས་ལ་གནོད་བསྐྱལ་མི་ཆོག་པ་དང་།སྤྱི་ཚོགས་དང་ཐུན་མོང་གི་ཁེ་ཕན་ལ་གནོད་བསྐྱལ་མི་ཆོག་ཅིང་།སྤྱི་དམངས་གཞན་པའི་ཁྲིམས་མཐུན་དབང་ཆར་གནོད་བསྐྱལ་མི་ཆོག   
        (4) ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ཀྱི་ངོ་བོ་ནི།ཆོས་ལུགས་དད་མོས་ཀྱི་གནད་དོན་དེ་སྤྱི་དམངས་སྒེར་གྱི་རང་དབང་གདམ་གསེས་དུ་འགྱུར་བར་བྱེད་པའི་གནད་དོན་ཡིན།ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ།ཆོས་ལུགས་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་པའི་རྩ་བའི་རྐང་འཛིན་ས་དང་མཇུག་སྒྲིལ་ས་ནི།དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ཡོངས་མཐུན་སྒྲིལ་ཡོང་བར་བྱས་ཏེ།ཁོ་ཚོའི་འདོད་བློ་དང་སྟོབས་ཤུགས་དེ་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་དམིགས་འབེན་སྟེངགཅིག་སྡུད་བྱེད་རྒྱུ་དེ་རེད།རྐང་འཛུགས་ས་དང་མཇུག་སྒྲིལ་ས་དེ་དང་བྲལ་ཚེ།དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་བར་གྱི་འགལ་བ་ཇེ་ཆེར་སོང་ནས།ཏང་དང་སྲིད་གཞུང་དང་དད་ལྡན་མང་ཚོགས་བར་གྱི་འབྲེལ་བར་གཏོར་བརླག་བྱེད་པ་དང་།ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་ལ་མཚོན་ན།གལ་ཏེ་ང་ཚོས་དེའི་ཆོས་ལུགས་དད་མོས་ལ་དོ་སྣང་དང་བརྩི་བཀུར་མ་བྱས་ན།ང་ཚོ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་བར་གྱི་འབྲེལ་བར་གནོད་པ་བཟོ་བ་དང་།མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གནོད་པ་བཟོ་ངེས་པས།ང་ཚོས་དད་ལྡན་པ་དང་ཆོས་ལ་མི་དད་མཁན།ཆོས་འདི་ལ་དད་མཁན་དང་ཆོས་གན་ལ་དད་མཁན་གྱི་མི་ཚང་མར་མཐུན་སྒྲིལ་བྱས་ཏེ།ཚང་མར་འཆམ་མཐུན་མཉམ་གནས་དང་ཕན་ཚུན་ལ་བརྩི་བཀུར་བྱས་ནས།འདོད་བློ་དང་སྟོབས་ཤུགས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་བྱེད་པའི་སྟེང་གཅིག་སྡུད་བྱེད་དགོས།འདི་དང་འགལ་བའི་གཏམ་སྤྱོད་ཚང་མ་ནོར་འཁྲུལ་ཡིན་པས།ཏང་དང་མི་དམངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས།

        2. རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ཡིན།

        ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི།རང་རྒྱལ་གྱི་གཞི་རྩའི་ཐབས་ཇུས་ཡིན།ཆོས་ལུགས་ལས་དོན་དེ་ཁྲིམས་མཐུན་གྱི་ལམ་དུ་དྲངས་ཏེ།ཆོས་ལུགས་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་ཁྱོན་ནང་བྱ་འགུལ་བྱེད་དུ་འཇུག་རྒྱུ་ནི།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ།ཆོས་ལུགས་ཀྱི་ཁེ་ཕན་ལ་ཡང་མཐུན།

         (1 ) རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནང་དོན་ཞིག་ཡིན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་མགོ་ཁྲིད་འོགརྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར།ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་དོན་དག་ལ་དོ་དམ་བྱེད་པ་དང་།དཔལ་འབྱོར་དང་རིག་གནས་ལས་དོན་ལ་དོ་དམ་བྱེད་པ།སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པ་བཅས་བྱས་ཏེ།རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཁྲིམས་ལྟར་སྒྲུབ་པར་ཁག་ཐེག་བྱེད་པ་དང་།རིམ་བཞིན་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་མངོན་འགྱུར་བྱས་ཏེ།ལམ་ལུགས་དང་བཅའ་ཁྲིམས་དེ་རིགས་མགོ་ཁྲིད་པའི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་དུ་མི་འཇུག་པ་དང་།མགོ་ཁྲིད་པའི་ལྟ་ཚུལ་དང་འདོད་ཕྱོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་དུ་མི་འཇུག་པར་ཟེར།སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོ་ནས་ཁྲིམས་ལུགས་འཛུགས་སྐྲུན་ལ་གཙིགས་འཛིན་ཆེན་པོ་བྱས་ཏེ་ཁྲིམས་ལྟར་དོ་དམ་བྱེད་དགོས་པ་དང་།ཆོས་ལུགས་ལས་དོན་ལ་ཡང་དེ་བཞིན་དུ་ཁྲིམས་ལྟར་དོ་དམ་བྱེད་དགོས།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ན།ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱས་པ་ཡིན། 

         (2) ཆོས་ལུགས་ནི་མི་སྒེར་གྱི་དད་མོས་དང་བྱ་འགུལ་ཡིན་པ་མ་ཟད།ད་དུང་སྤྱི་ཚོགས་རྩ་འཛུགས་དང་སྤྱི་ཚོགས་བྱ་འགུལ་ཡང་ཡིན་པས།ངེས་པར་དུ་དེར་ཁྲིམས་ལྟར་དོ་དམ་བྱེད་དགོས།མི་ཞིག་གི་ཆོས་ལུགས་དད་མོས་དང་ཆོས་ལུགས་བྱ་སྤྱོད་དེ་མི་གཞན་དང་སྤྱི་ཚོགས་ལ་འབྲེལ་བ་མེད་ན་རང་དབང་ཆེན་པོ་ཡོད་མོད།ཡིན་ནའང་མི་གཞན་དང་སྤྱི་ཚོགས་ལ་འབྲེལ་བ་ཡོད་ཚེ།དེའི་ཆོས་ལུགས་བྱ་འགུལ་ནི་སྤྱི་ཚོགས་བྱ་འགུལ་གྱི་ཁག་ཅིག་ཡིན་པ་དང་།དེར་སྤྱི་ཚོགས་ཀྱི་ཚོད་འཛིན་ངེས་ཅན་ཐེབས་པས།དོ་དམ་གྱི་གནད་དོན་བྱུང་བ་རེད།གནའ་ནས་ད་བར་དུ་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་།ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཟིན་པའི་གོ་གནས་དང་ནུས་པ་ཡང་མི་འདྲ་བས།ཆོས་ལུགས་རྩ་འཛུགས་ཀྱིས་ནང་ཁུལ་དོ་དམ་བྱེད་ཚུལ་དང་།རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་བྱེད་པའི་ངོ་བོ་དང་ནང་དོན།རྣམ་པ།བྱེད་ཐབས་བཅས་ཀྱང་མི་འདྲ།ཡིན་ནའང་ཆོས་ལུགས་རྩ་འཛུགས་ཀྱིས་ནང་ཁུལ་ལ་དོ་དམ་བྱེད་པ་དང་།རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་བྱེད་པ་དེ་ནི་གཅིག་འདྲ་ཡིན།

         (3) ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ཡང་རང་རྒྱལ་གྱིས་རྒྱལ་སྤྱིའི་སྤྱི་ཆིངས་ཀྱིས་གཏན་ལ་ཕབ་པའི་འབྲེལ་ཡོད་འོས་འགན་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན།ཆོས་ལུགས་ཀྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་དང་།རྒྱལ་སྤྱིའི་གནད་དོན་ཞིག་ཡིན།འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ནམ་ཡིན་ཡང་ཆོས་ལུགས་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་།རྒྱལ་སྤྱིའི་སྤྱི་ཆིངས་གལ་ཆེན་ཁ་ཤས་ཀྱིས་ཆོས་ལུགས་གནད་དོན་ཐད་ལ་གཏན་ཁེལ་གསལ་བོ་བྱས་ཡོད།འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་དང་ཡང་ན་སྒྲོག་གཏམ་གྱིས་ཆོས་ལུགས་གནད་དོན་ལ་འདི་འདྲའི་གཏན་ཁེལ་གསལ་བོ་བྱས་ཡོད་དེ།ཆོས་ལུགས་དད་མོས་རང་དབང་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་ཁེལ་ལ་འགལ་མི་ཆོག་པ་དང་།སྤྱི་པའི་བདེ་འཇགས་དང་སྒྲིག་ལམ།འཕྲོད་བསྟེན་དང་ཡང་ན་ཀུན་སྤྱོད།ཡང་ན་མི་གཞན་གྱི་རྩ་བའི་ཁེ་ཕན་དང་རང་དབང་བཅས་ལ་གནོད་བསྐྱལ་མི་ཆོག་མི་རིགས་དང་རིགས་རྒྱུད།ཡང་ན་ཆོས་ལུགས་ཀྱི་ཤ་འཁོན་བཅས་འུར་སྒྲོག་བྱས་ཏེ་ངན་སྐུལ་དང་མཐོང་ཆུང་བྱེད་པ་དང་།དགྲ་རུ་འཛིན་པ་དང་ཡང་ན་བཙན་ཤུགས་བཀོལ་བའི་བྱ་སྤྱོད་ཚང་མ་བཅའ་ཁྲིམས་ཀྱིས་བཀག་འགོག་བྱེད་པ་ཡིན།བྱིས་པའི་ཆོས་ལུགས་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་ནི་ཕ་མ་དང་ཁྲིམས་མཐུན་ལྟ་སྲུང་པའི་འདོད་བློར་བསྟུན་དགོས་པ་མ་ཟད།བྱིས་པའི་ཁེ་ཕན་དང་ཆེས་མཐུན་པ་དེ་ཚད་གཞི་རུ་འཛིན་དགོས།རྒྱལ་ཁབ་ཀྱིས་ཁྲིམས་འཛུགས་བརྒྱུད་དེ་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་འགན་སྲུང་བྱས་ནས།ཆོས་ལུགས་དང་ཡང་ན་དད་མོས་ལས་བྱུང་བའི་བཟོད་སྒོམ་མི་བྱེད་པ་དང་མཐོང་ཆུང་བྱེད་པའི་སྣང་ཚུལ་བསྒྱུར་དགོས།རང་རྒྱལ་ནི་ཆོས་ལུགས་གནད་དོན་གྱི་འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་དང་ཡང་ན་སྒྲོག་གཏམ་བཀོད་པའི་རྒྱལ་ཁབ་ཡིན་པས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྲོས་འཆམ་བྱུང་བའི་འབྲེལ་ཡོད་སྒྲོག་གཏམ་གཞན་པ་ཚང་མས་རང་རྒྱལ་ལ་ཚོད་འཛིན་ངེས་ཅན་བྱེད་པ་ཡིན།རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་རང་རྒྱལ་གྱིས་འབྲེལ་ཡོད་སྤྱི་ཆིངས་ཀྱིས་གཏན་ཁེལ་བྱས་པའི་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན།

        (4) རང་རྒྱལ་གྱི་ཆོས་ལུགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་སྐྲུན་ཡུན་རིང་པོར་འཕེལ་རྒྱས་སུ་སོང་ཡོད་ལ།ལྷག་པར་དུ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་གསར་བ་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་སྒྲོག་དང་ལག་བསྟར་བྱས་ཡོད།ཆོས་ལུགས་ཐད་ཀྱི་ཁྲིམས་འཛུགས་ལ་སྔར་ལས་གཙིགས་འཛིན་བྱེད་དགོས་པ་དང་།དེ་ལས་ཀྱང་གལ་ཆེ་བ་ནི་ཁྲིམས་འཛིན་ནན་མོ་བྱས་ཏེ།ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པར་ཁྲིམས་འཛིན་དང་སྲིད་འཛིན་གྱི་འགན་སྲུང་དང་ལྟ་རྟོག་བྱེད་དགོས།

         (5) ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་དམིགས་ཡུལ་ནི།རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་བཟང་པོའི་སྒོ་ནས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།དེས་ཁྲིམས་མཐུན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་པ་མཚོན་པ་དང་མཉམ་དུ།ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་ལ་ཁྲིམས་ལྟར་ཆད་པ་གཅོད་པ་ཡང་མཚོན་ལ།ལྷག་པར་དུ་ཆོས་ལུགས་བཀོལ་ནས་ནག་ཉེས་བཟོ་བར་ཁྲིམས་ཆད་ནན་མོ་གཅོད་པ་དང་།ཆོས་ལུགས་བཀོལ་ནས་མི་རིགས་ཀྱི་མཐུན་སྒྲིལ་དང་མེས་རྒྱལ་གྱི་གཅིག་གྱུར་ལ་གཏོར་བརླག་བྱེད་པར་ཆད་པ་ནན་མོ་གཅོད་པ་མཚོན།