འཛམ་བུ་གླིང་དང་མཉམ་དུ་འཕེལ་རྒྱས་གཏོང་བ་དང་འཛམ་བུ་གླིང་དང་མཉམ་དུ་ལོངས་སྤྱོད་བྱེད་དགོས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

                                               རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   
        ཀྲུང་ཧྭ་མི་རིགས་ཀྱི་གྲུ་གཟིངས་ཧ་ཅང་ཆེན་པོ་དེ་ལོ་རྒྱུས་ཀྱི་རྦ་རླབས་ཆེན་པོ་བརྒྱུད་བསྐྱར་དར་གྱི་ཕ་རོལ་དུ་སྐྱོད་སྐབས་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པ་སྟེ།ཀྲུང་གོའི་བསམ་འདུན་དེ་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཇི་ལྟར་བྱས་ཏེ་བསྒྲུབ་རྒྱུ་ཡིན་ནམ།བསྐྱར་དར་གྱི་ཕྱོགས་སུ་སྐྱོད་མཁན་ཀྲུང་གོས་འཛམ་གླིང་ལ་ཕན་པ་གང་ཞིག་ཡོང་རྒྱུ་ཡིན་ནམ་ཞེས་དོ་ཁུར་བྱེད་ཀྱི་ཡོད།
        “ཐོག་མཐའ་བར་གསུམ་དུ་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་དང་ཐོག་མཐའ་བར་གསུམ་དུ་གཉིས་ཕན་གཉིས་ཁེའི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཡིན”ཞེས་པའི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱིས་འཛམ་གླིང་ལ་སླར་ཡང་ཤེས་དཔལ་བསྐྱར་དར་མངོན་འགྱུར་བྱེད་པ་དང་ཞི་མཐུན་གྱི་འཛམ་གླིང་བསྐྲུན་རྒྱུའི་ཀྲུང་གོའི་བསམ་བློ་བརྒྱུད་བསྒྲགས་བྱས་ཡོད།ཞི་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་རྒྱུ་དེ་ནི་ཀྲུང་གོའི་བསམ་འདུན་འགྲུབ་པར་བྱེད་པའི་རྩ་བའི་འགན་ལེན་ཡིན་ལ་ང་ཚོས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མི་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཡང་ཡིན།
        ཀྲུང་ཧྭ་མི་རིགས་ནི་ཞི་བདེར་དགའ་བའི་མི་རིགས་ཤིག་ཡིན།ལོ་རྒྱུས་ཀྱི་ཤོག་ལྷེ་ཁ་འབྱེད་སྐབས“ནུབ་གླིང་དུ་ཐེངས་བདུན་བསྐྱོད”དེ་ཞི་བདེ་མཛའ་གྲོགས་ཀྱི་ས་བོན་བཏབ་པ་དང་།“དར་གོས་ལམ་བུས”གཉིས་ཕན་མཉམ་ལས་ཀྱི་རྗེས་ཤུལ་བཞག་ཡོད།ཡིད་རྟོན་ལ་སྣང་ཆེན་དང་འཆམ་མཐུན་ཡོང་བ་བྱེད་པ་དང་གཞན་ལ་སེམས་བཟང་བྱས་ཏེ་ཤེས་དཔལ་གྱིས་གཞུང་དྲང་དང་ཞི་འཇམ་གྱི་མི་རིགས་ཀྱི་རང་གཤིས་ཤིག་བཏོད་ཡོད།རྒྱ་མཚོས་ཆུ་ཕྲན་བསྡུས་པ་ལྟར་གྱི་ཁོང་ཡངས་དཀྱེལ་ཆེའི་སྒོ་ནས་སྤེལ་རེས་བྱས་པ་ལས་རང་ལ་བསམ་གཞིག་བྱེད་པ་ལྟར་གཞན་ལ་ཡང་བསམ་གཞིག་བྱེད་པའི་མི་རིགས་ཀྱི་རིག་གནས་ཤིག་གྲུབ་ཡོད།ཉེ་རབས་ཚུན་བཙན་རྒྱལ་ཁབ་རིང་ལུགས་ཀྱིས་བཙན་འཛུལ་དང་ལོ་བསྟུད་མར་དམག་འཁྲུག་གི་ཟིང་ཆ་བྱུང་ནས་ཀྲུང་ཧྭ་མི་རིགས་དེ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུངས་ཏེ་བརྗེད་པར་དཀའ་བའི་ཡིད་སྐྱོ་བའི་དྲན་ཤེས་བཞག་ཡོད།བསྐྱར་དར་ལམ་བུའི་ཐོག་བསྐྱོད་པའི་ཀྲུང་གོའི་མི་དམངས་ཀྱིས་སྐྲག་པ་ནི་ཟང་ཟིང་ཡིན་པ་དང་།བརྩོན་ལེན་བྱེད་པ་ནི་བརྟན་ལྷིང་ཡིན་པ།རེ་སྒུག་བྱེད་པ་ནི་འཛམ་གླིང་ཞི་བདེ་ཡིན།
        ཞི་བདེ་དང་འཕེལ་རྒྱས་ནི་ཕན་ཚུན་ཆ་རྐྱེན་དུ་བྱེད་ཅིང་།ས་གོ་ལའི་གྲོང་ཚོའི་ནང་གཅིག་ལ་ཉམས་གུད་བྱུང་ཚེ་ཀུན་གུད་འགྲོ་བ་དང་གཅིག་ལ་དར་རྒྱས་བྱུང་ཚེ་ཀུན་ལ་དར་རྒྱས་ཡོང་གི་ཡོད།ཞི་བའི་ཁོར་ཡུག་མེད་ཚེ་ཀྲུང་གོ་དང་འཛམ་གླིང་གིས་བདེ་བླག་ངང་འཕེལ་རྒྱས་གཏོང་མི་ཐུབ།དེ་དང་འདྲ་བར་འཕེལ་རྒྱས་མེད་ཚེ་ཀྲུང་གོ་དང་འཛམ་གླིང་ཡང་རྒྱུན་མཐུད་ངང་ཞི་བདེ་ཡོང་མི་སྲིད།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ང་ཚོས་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཏེ་རང་ངོས་འཕེལ་རྒྱས་ལ་བརྟན་ལྷིང་གི་ཕྱི་ཕྱོགས་ཁོར་ཡུག་ཅིག་འབད་བརྩོན་ཆེན་པོས་བཏོད་ཡོད།དེ་དང་ཆབས་ཅིག་ང་ཚོས་ཞི་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དམ་པོར་འཛིན་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱས་ནས་གཉིས་ཕན་མཉམ་ལས་བརྒྱུད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དར་འགོ་ཚུགས་ནས་བསམ་འདུན་གྱི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་བརྟན་པོ་ཞིག་བྱུང་ཡོད།ཞི་བདེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་འཕེལ་རྒྱས་ཀྱིས“རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཚེ་བཙན་དབང་བྱེད་ངེས་ཡིན་པའི”སྲོལ་རྒྱུན་གྱི་དཔེ་དབྱིབས་མེད་པ་བཟོས་ཏེ་བསྙེག་བརྒལ་གྱི་ལམ་བུར་ཡོང་སྲིད་པའི་དཔེ་དབྱིབས་གཞན་ཞིག་མཁོ་འདོན་བྱས་ཡོད།
        འཛམ་བུ་གླིང་དང་མཉམ་དུ་ལོངས་སྤྱོད་བྱེད་རྒྱུ་དེ་ནི་ཀྲུང་གོའི་བསམ་འདུན་གྱི་ཐུན་མོང་མ་ཡིན་པའི་གོ་དོན་གལ་ཆེན་ཞིག་ཡིན།“འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ཀྲུང་གོར་ཕན་པ་ཐོབ་ལ་འཛམ་གླིང་ལ་ཡང་ཕན་པ་ཐོབ་པ”ནས“འཛམ་གླིང་གཅིག་ལ་བསམ་འདུན་གཅིག”ཅེས་པའི་བར་དུ་ཉིན་རེ་བཞིན་འཛམ་གླིང་དཔལ་འབྱོར་ནང་མཉམ་འདྲེས་ཡོང་བའི་ཀྲུང་གོས་རྒྱལ་ཁབ་ཁག་དང་སྤེལ་རེས་དང་མཉམ་ལས་བྱེད་པའི་ཁྲོད་ཐོག་མཐའ་བར་གསུམ་དུ་དགེ་ཚན་ལྡན་པའི་མཉམ་འགུལ་དང་གཉིས་ཁེ་གཉིས་ཕན་ཡོང་བའི་བརྩོན་གཉེར་བྱེད་ཀྱི་ཡོད།ཁྲོམ་ར་སྒོ་མོ་འབྱེད་པ་དང་།ལག་རྩལ་ནང་འདྲེན་བྱེད་པ།མ་འཇོག་གི་ཡིད་དབང་འགུག་པ་བཅས་བྱས་ནས་ལོ་ངོ་30ལྷག་ཙམ་གྱི་ནང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་ཡིན་ནའང་འདྲ་ཡང་ན་འཛམ་གླིང་གི་དཔལ་འབྱོར་བཅོས་སྒྲིག་ནང་ཧུར་ཐག་ཞུགས་ཏེ་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་འགོག་པ་གང་ཞིག་ཡིན་རུང་ང་ཚོས་དགེ་ལེན་སྐྱོན་སེལ་དང་མཉམ་ལས་གཉིས་ཁེར་དམིགས་ནས་འཛམ་གླིང་གི་གོ་སྐབས་དེ་ཀྲུང་གོའི་གོ་སྐབས་སུ་བསྒྱུར་པ་དང་།ཀྲུང་གོའི་གོ་སྐབས་དེ་འཛམ་གླིང་གི་གོ་སྐབས་སུ་བསྒྱུར་ཡོད།ཤེས་དཔལ་མི་འདྲ་བའི་དབར་གླེང་མོལ་བྱེད་རེས་བྱེད་པ་དང་ཕན་ཚུན་དབར་ཁོང་ཡངས་དཀྱེལ་ཆེ་བྱེད་རྒྱུ་དར་སྤེལ་གཏོང་བ་དང་།སྤྱི་ཚོགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་དཔེ་དབྱིབས་མི་འདྲ་བའི་དབར་ཕན་ཚུན་དཔྱད་གཞིར་འཛིན་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཚེ་འབྱུང་འགྱུར་གྱི་ལམ་བུའི་ཐོག་ཀྲུང་གོའི་བསམ་འདུན་ལས་ཀྲུང་ཧྭ་ཤེས་དཔལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུག་ཤུགས་སྔར་བས་མངོན་ངེས་ཡིན།
        ཀྲུང་གོའི་བསམ་འདུན་ནི་བསྐྱར་དར་གྱི་བསམ་འདུན་དང་འཕེལ་རྒྱས་ཀྱི་བསམ་འདུན་ཡིན་ལ་ཞི་མཐུན་གྱི་བསམ་འདུན་དང་ཞི་བདེའི་བསམ་འདུན་ཡང་ཡིན།ཞི་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན།ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་ཀྲུང་གོས་མཐར་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལེགས་སྒྲུབ་བྱེད་ཐུབ་ངེས་ཡིན་ལ་འཛམ་གླིང་གི་རྒྱུན་མཐུད་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་འགན་ལེན་ཞིག་ཏུའང་འགྱུར་ངེས་ཡིན།