ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

གནམ་འཁོར་ལོ་རྩིབས་བརྒྱད་འོག་ནས། །

ས་པདྨ་འདབ་བརྒྱད་སྟེང་ན། །

སྡེ་ཡག་པ་གཡུང་དྲུང་འདྲ་བོ། །

སྡེ་ཆེན་པོ་ཏཱ་ནི་སྟོད་རེད། །

ས་ཡག་པ་གསེར་གཞུང་འདྲ་བོ། །

སྡེ་འཛོམ་པོ་ཧོར་གཙང་ཁོག་རེད། །

སྡེ་ཧོར་གཙང་ཁོག་གི་རོགས་ལོ། །

མ་བཟང་མོ་ཟླ་བཟང་སྒྲོལ་མ། །

ཁ་ཚུར་འཁོར་སྔོན་ནས་བལྟས་ན། །

ཕྱི་མོ་སྒོ་བཅོ་ལྔའི་དུང་ཟླ། །

ཁ་ཕར་འཁོར་གཞུག་ནས་བལྟས་ན། །

གཟུགས་སྐྱེས་ལུས་སྨྱུག་མ་ཚིག་དྲུག །

འགྲོ་གོམ་པ་གོམ་གསུམ་སྤོས་ན། །

བྱ་རྨ་བྱས་སྒྲོ་གུར་ཕུབ་འདྲ། །

ས་འཇིག་རྟེན་གནམ་གྱི་འོག་ན། །

མ་ཟླ་བཟང་འདྲ་ཞིག་མེད་གི །

ནང་འཛོམ་གསུམ་འཛོམ་གི་རོགས་ལོ། །

མ་བཟང་མོ་ཟླ་བཟང་སྒྲོལ་མ། །

ཁའི་དུང་སོ་སུམ་ཅུའི་བར་ནས། །

ལྕེ་དར་མའི་མདུད་པ་གྲོལ་ནས། །

ངག་སྙན་མོ་དབྱངས་ལ་བཀུག་ནས། །

ཁ་བགད་ལས་ཚིག་གསུམ་བཤད་ན། །

ཕ་བླ་མས་མགུར་མ་གསུང་འདྲ། །

ཚེ་གཅིག་ལུས་གཅིག་བླངས་ནས། །

མོ་ཞིག་གི་སྐྱེས་ལུས་ཐོབ་ནས། །

ས་འཇིག་རྟེན་ཐོག་གི་འཚོ་བར། །

སེམས་བསམ་པས་ཞེ་རེ་ཆགས་ནས། །

སྡེ་ཏཱ་ནི་སྟོད་གི་དགའ་ལོ། །

ཕོ་བཟང་པོ་ཉི་མ་ཚེ་རིང༌། །

ཞེ་བསམ་པས་སྣང་བ་མཐུན་ཐལ། །

ཕྱི་ཕོ་སྒོར་དཔེ་རེ་བཞག་ན། །

ནངས་སྔ་མོའི་ཉི་རྩེ་ཤར་འདྲ། །

ལུས་ཕྲ་མོར་ཆགས་རེ་བཞག་ན། །

སྟག་འཛུམ་དྲུག་ཐིག་ལེ་རྒྱས་འདྲ། །

ཕོ་འདི་ཚོ་སྣང་བ་མཐུན་རུང༌། །

ཞེ་ཆགས་རུང་སྡེ་བ་མི་གཅིག །

སྡེ་གཅིག་རུང་ཆུང་མའི་རྩིབ་རེད། །

ཕོ་བཟང་པོ་ཉི་མ་ཚེ་རིང༌། །

ནམ་ཡིན་རུང་ཡོང་གི་མ་འདུག །

སྤྱིར་མ་ཡོང་ཟེར་ནས་མིན་ད། །

སྡེ་ཆེན་པོ་ཁ་ཞེང་ཆེ་ནོ། །

ལམ་སྐྱ་མོ་ཁ་ཐག་རིང་ནོ། །

རྫ་ཁྲ་ཡག་འགག་འཕྲང་དོག་ནོ། །

རྐྱང་དར་མ་འདུར་རྒྱུགས་ངར་ནོ། །

ཆུ་རྨ་ཆུ་རྦ་རྐང་མཐོ་ནོ། །

ཕྱི་སྡེ་བར་བཤད་དྲུག་རྒོད་ནོ། །

དགྲ་ནག་པོ་གདུག་རྩུབ་ཆེ་ནོ། །

ཁྱིམ་ཆུང་མ་སྣང་བ་མཐོ་ནོ། །

ཕོ་ཁྱེད་ཚོའི་སེམས་ན་ལོས་ཡོད། །

མ་ངེད་ཚོའི་རེ་བ་ཡིན་ན། །

ཕྱིར་འཁོར་ར་འདང་ཞིག་རྒྱབ་ལ། །

ཡུལ་ཕ་མའི་ཁ་ལེན་ཚིག་བརྩི། །

ཁྱིམ་ཆུང་མའི་རྩེ་ཡ་དགོད་ཡ། །

ཚེ་རིང་ནས་བསྡད་རེ་བཏང་ན། །

རོགས་ངེད་གཉིས་ཐུག་པའི་ཡན་རེད། །

ཟླ་བཞི་བ་ལྔ་བ་ཞིག་ལ། །  

༼ཚན་བཤུས།༽