གཙང་དབུས་ཀྱི་སྟོན་པ་གཉིས།

རྩོམ་པ་པོ།   གསལ་བོ་མི་ཤེས།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    བོད་ཀྱི་རྩོམ་རིག་སྒྱུ་རྩལ།

        ཐེངས་ཤིག་གཙང་གི་ཨ་ཁུ་སྟོན་པ་དབུས་སུ་ཕྱིན་ནས་དབུས་ཀྱི་ཨ་ཁུ་སྟོན་པ་དང་ཐུག་པས་གཙང་གི་ཨ་ཁུ་སྟོན་པས་དབུས་ཀྱི་ཨ་ཁུ་སྟོན་པར་དབུས་ཀྱི་ཨ་ཁུ་སྟོན་པ་ཁྱེད་ཀྱིས་ངོ་ཤེས་སམ།  ད་དུང་ཁོ་བར་དུ་ལམ་ཐག་ག་ཚོད་ཡོད་དམ་ཞེས་དྲིས་པས་དབུས་ཀྱི་ཨ་ཁུ་སྟོན་པས་ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས།  གཙང་གི་ཨ་ཁུ་སྟོན་པས་ངའི་མིང་ལ་གཙང་གི་ཨ་ཁུ་སྟོན་པ་ཟེར་གྱི་ཡོད།  དབུས་ཀྱི་ཨ་ཁུ་སྟོན་པ་བཙལ་ནས་བློ་རྩལ་འགྲན་དགོས་ཡོད་ཅེས་བཤད།  དབུས་ཀྱི་ཨ་ཁུ་སྟོན་པས་ང་ནི་ཚོང་བ་ཡིན།  དབུས་ཀྱི་ཨ་ཁུ་སྟོན་པ་ངས་ངོ་ཤེས།  ཁྱོད་ཁོང་འཚོལ་དགོས་ན་ངེད་གཉིས་མཉམ་དུ་འགྲོ།  ང་ཁོང་ཚོའི་སར་ཚོང་རྒྱག་ཏུ་འགྲོ་དགོས་ཡོད་ཅེས་བཤད་ནས་ཁོང་གཉིས་མཉམ་དུ་ཕྱིན།
      དགོང་དྲོ་གནས་ཚང་ཞིག་གཡར་ནས་བསྡད།  དབུས་ཀྱི་ཨ་ཁུ་སྟོན་པས་གཙང་གི་ཨ་ཁུ་སྟོན་པར་དོ་དགོང་ངེད་གཉིས་འདིར་བསྡད་ན་སང་ཉིན་སྔ་པོ་ནས་དབུས་ཀྱི་ཨ་ཁུ་སྟོན་པའི་སར་སླེབས་ཐུབ་ཀྱི་རེད་ཅེས་བཤད་པས་གཙང་གི་ཨ་ཁུ་སྟོན་པས་ད་བྱས་ན་ཡག་པོ་བྱུང་།  དོ་དགོང་ཁྱེད་ཀྱིས་ང་ལ་དབུས་ཀྱི་ཨ་ཁུ་སྟོན་པའི་སྐོར་གསུངས་དང་།  ངས་སང་ཉིན་ཁོ་ཆ་རྒྱུས་ཡོད་པ་ཞིག་ཡོང་གི་རེད་ཅེས་བཤད།
དབུས་ཀྱི་ཨ་ཁུ་སྟོན་པས་དེ་འགྲིག་དང་འགྲིག  འོན་ཀྱང་ང་ཉལ་ཚར་ནས་སྐད་ཆ་ཤོད་སྐབས་འང་འང་ཟེར་མཁན་ཞིག་དགོས་པས།  ཁྱེད་རང་གི་ཀུ་ཤུ་རྟ་སྒྲོ་གང་དེ་ངའི་སྔས་འགོར་ཚུར་བཞག་ན་ཏོག་ཙམ་དྲག་གི་རེད་ཅེས་བཤད་པས་གཙང་གི་ཨ་ཁུ་སྟོན་པས་དེ་རང་ཡོང་བ་འདུག  དེ་རང་ཡོང་བ་འདུག་ཅེས་བཤད་ནས་རྟ་སྒྲོ་དེ་དབུས་ཀྱི་ཨ་ཁུ་སྟོན་པའི་སྔས་མགོར་བཞག་པ་རེད།
        དེ་ལྟར་བྱས་རྗེས་ཁོ་གཉིས་ཉལ་ནས་དབུས་ཀྱི་ཨ་ཁུ་སྟོན་པའི་སྐོར་བཤད།  དབུས་ཀྱི་ཨ་ཁུ་སྟོན་པས་གཙང་གི་ཨ་ཁུ་སྟོན་པའི་ཀུ་ཤུ་རྟ་སྒྲོ་གང་དེ་ཟ་བཞིན་གཙང་གི་ཨ་ཁུ་སྟོན་པར་སྐད་ཆ་འང་འང་ཞེས་བཤད་པ་དང་།  གཙང་གི་ཨ་ཁུ་སྟོན་པས་དབུས་ཀྱི་ཨ་ཁུ་སྟོན་པར་སྐད་ཆ་ཨ་ཁུ་ཁྱེད་ཀྱི་མིང་ལ་ཅི་ཞུ་ཞེས་དྲིས་པར་དབུས་ཀྱི་ཨ་ཁུ་སྟོན་པས་ངའི་མིང་ལ་ཨ་ཁུ་རྐུབ་ཅེས་འབོད་ཀྱི་ཡོད་ཟེར།
ནམ་སྨད་ཙམ་ལ་གཙང་གི་ཨ་ཁུ་སྟོན་པ་གཉིད་དུ་སོང་བས་དབུས་ཀྱི་ཨ་ཁུ་སྟོན་པས་གཙང་གི་ཨ་ཁུ་སྟོན་པའི་ཀུ་ཤུ་རྟ་སྒྲོ་གང་དེའང་བཟས་ཚར་ཞིང་།  ཁོང་གཙང་གི་ཨ་ཁུ་སྟོན་པའི་སྔས་མགོར་སྐྱག་པ་ཆེན་པོ་ཞིག་བཏང་ནས་བྲོས་སོང་།
      ནམ་ལངས་རྗེས་གནས་ཚང་བདག་པོ་གཙང་གི་ཨ་ཁུ་སྟོན་པར་ཁྱོད་ཀྱིས་དེ་ལྟར་བྱེད་ཕོད་དམ་ཞེས་གཤེ་གཤེ་བཏང་བས་གཙང་གི་ཨ་ཁུ་སྟོན་པས་ང་མིན།  ཨ་ཁུ་རྐུབ་རེད་ཅེས་བཤད།  གནས་ཚང་བདག་པོའི་བསམ་པར་ཁོས་ད་དུང་ཧམ་པ་ཤོད་ཀྱི་འདུག་སྙམ་ནས་རྐུབ་ཁྱོད་ཀྱི་རྐུབ་རེད་ཅེས་སྨྲས་ནས་ཉེས་བརྡུང་ཐག་ཆོད་བཏང་།
དེ་ལྟར་དབུས་ཀྱི་ཨ་ཁུ་སྟོན་པར་བློ་རྩལ་གྱི་རྒྱལ་ཁ་ཐོབ་ཟེར།