སེང་ལྕམ་འབྲུག་མོའི་སྨོན་ལམ།

རྩོམ་པ་པོ།   སྐལ་བཟང་སྒྲོལ་གྱིས་བཤད། ཨ་འཕེལ་གྱིས་ཐོ་བཀོད།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

         ཉིན་ཞིག  གླིང་གེ་སར་རྒྱལ་པོས་བཙུན་མོ་སེང་ལྕམ་འབྲུག་མོ་ལ༼ ཁྱེད་རང་གིས་ད་ཕན་ཆོད་རི་ལ་མཐོ་དམན་མེད་པ་དང་། རྒྱུ་ལ་ཕྱུག་ཞན་མེད་པ། དབང་ལ་བཙན་ཞན་མེད་པར་ཤོག་ཅེས་སྨོན་ལམ་འདེབས་དགོས ༽ཞེས་གསུངས། འོན་ཀྱང་འབྲུག་མོས ༼ ད་ཕན་ཆོད་རི་ལ་མཐོ་དམན་ཡོད་པ་དང་། རྒྱུ་ལ་ཕྱུག་ཞན་ཡོད་པ། དབང་ལ་བཙན་ཞན་ཡོད་པར་ཤོག ༽ཅེས་སྨོན་ལོག་འདེབས། གླིང་གེ་སར་རྒྱལ་པོས་མཐོང་ནས་མོ་ལ་སྨོན་ལོག་རྒྱག་དགོས་པའི་རྒྱུ་མཚན་དྲིས་པས་ན། སེང་ལྕམ་འབྲུག་མོས་༼རྒྱལ་པོ་ལགས། ཁྱེད་ནི་སྟེང་ཕྱོགས་ལྷ་ཡི་སྐྱེ་བ་ཡིན་ཞིང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་མོད། གལ་ཏེ་རི་ལ་མཐོ་དམན་མེད་ན་ལུང་པ་ཐམས་ཅད་ཆུ་ཡིས་གང་། འཇིག་རྟེན་མི་རྣམས་འཚོ་ཐབས་བྲལ། མཐོ་དམན་ཡོད་པས་ན། ཆུ་ཐམས་ཅན་དམའ་སར་རྒྱུག  འཇིག་རྟེན་མི་རྣམས་མཐོ་སར་ཆགས་ཆོག  གལ་སྲིད་རྒྱུ་ལ་ཕྱུག་ཞན་མེད་ཚེ། མི་ཚང་མ་བརྩོན་སེམས་མེད་པར་གྱུར་ཏེ། རྒྱུ་ནོར་ལོངས་སྤྱོད་འཕེལ་རྒྱས་མེད། རྒྱུ་ལ་ཕྱུག་ཞན་ཡོད་ཚེ། ཕྱུག་པོས་ཇེ་ཕྱུག་ཡོང་བར་བརྩོན་པ་དང་། དབུལ་པོས་ཕྱུག་པོས་ཡོང་ཐབས་བརྩོན་ཞིང་། འདོད་ཡོན་ཕུན་སུམ་ཚོགས་ཀྱི་རེད།  ཚང་མས་ཉིན་ལྟར་ཕན་ཚུན་རྩོད་རེས་བྱས་ཏེ། འཛིང་འཁྲུག་གི་རྒྱུན་མི་ཆད།  དབང་བཙན་ཞན་ཡོད་ན། ཞན་པས་བཙན་པོར་བརྩི་བཀུར་ཞུ་ཞིང་། བཙན་པོས་ཞན་པར་བྱམས་སྐྱོང་བྱས་ཏེ། ལུང་པ་ལ་འཁྲུག་རྩོད་མེད་པར་དུས་བདེ་ལྷིང་འཇགས་ཡོང་སྲིད༽ཅེས་ཞུངས། གླིང་གེ་སར་རྒྱལ་པོས་གསན་རྗེས་གཏམ་དེ་ལ་བདེན་འདུག་དགོངས་སོ། ། དུས་དེ་ནས་བཟུང་མགོ་ནག་མི་ཡི་འཇིག་རྟེན་འདི་རི་ལ་མཐོ་དམན་ཡོད་པ་དང་། རྒྱུ་ལ་ཕྱུག་ཞན་ཡོད་པ། དབང་ལ་བཙན་ཞན་ཡོད་པར་གྱུར། ད་ལྟར། གྲོང་རྒྱ་གྲོང་དུ་ཕོ་མགོ་ལས་མོ་མགོ་མཐོ་བའི་རྒྱུ་མཚན་ནི་དེ་ཡིན་ཞེས་ཟེར་སྲོལ་ཡོད།