བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།

རྩོམ་པ་པོ།    གཅན་རོང་བསྟན་འཛིན།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

          སྤྱིར་མི་ཕལ་ཆེ་བ་ཞིག་གིས“ཐོས་བསམ་སྒོམ་གསུམ”ནི་ཆོས་ལུགས་ཀྱི་བྱེད་སྒོ་མི་འདྲ་བ་གསུམ་ཙམ་ལ་གོ་བ་ལེན་བཞིན་ཡོད་མོད། དེང་རབས་སློབ་གསོའི་ཐད་ནས་བལྟས་ན“ཐོས་བསམ་སྒོམ་གསུམ”ནི་བོད་གནའ་རབས་ཀྱི་རིག་གནས་སློབ་གསོ་ལས་བྱུང་བའི་སློབ་གསོ་བྱེད་ཐབས་མི་འདྲ་བ་རྣམ་པ་གསུམ་རེད། འདས་པའི་ལོ་རྒྱུས་ཀྱི་ནང་དུ་སློབ་གསོ་བྱེད་ཐབས་མི་འདྲ་གསུམ་རིག་པའི་གནས་བཅུ་འཆད་ཉན་ཐོས་བསམ་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད།ཁྱད་པར་དུ་ནང་དོན་རིག་པའི་སློབ་གསོའི་བྱེད་ཐབས་ཆེས་གལ་ཆེ་བ་ཞིག་ཏུ་གྱུར་པ་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་རིག་པའི་གནས་བཅུའི་ཐད་ཀྱི་འཇོན་མི་འབོར་ཆེན་བྱུང་བ་རེད། བསམ་ཡུལ་ལས་འདས་པ་ཞིག་ནི་བོད་ཀྱི་སྤྱི་ཚོགས་སྟེང་འཇོན་མི་དེ་དག་ལ་གཙིགས་ཆེན་དང་གདེང་འཇོག་ཆེན་པོ་ཞིག་ཐོབ་ཡོད་ན་ཡང་འཇོན་མི་དང་མཁས་པ་དེ་དག་ཇི་ལྟར་བྱུང་ཚུལ་གྱི་སློབ་གསོ་བྱེད་ཐབས་རིན་ཐང་ཅན་དེ་བས་མང་པོ་ཞིག་སྣང་མེད་དུ་ལུས་ཡོད་པས། དེའི་སྐོར་ཕྲན་ཙམ་གླེང་བ་ལ།
        གཅིག ཐོས་པའི་སློབ་གསོ་བྱེད་ཐབས།
          སྤྱིར་ཐོས་བྱུང་གི་སློབ་གསོ་བྱེད་ཐབས་འདི་ནི་ནང་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན་ནའང་། མཐར་གཏུགས་ནས་བཤད་ན།དགེ་སློབ་གཉིས་ཀྱི་ཐུན་མོང་གི་བྱ་འགུལ་ཙམ་ཞིག་རེད།དེ་ལྟ་བུའི་དགེ་སློབ་གཉིས་ཀྱི་བྱ་འགུལ་འདིར་མཚམས་མཚམས་ལ “འཆད་པ” ཞེས་བརྗོད་བཞིན་ཡོད་ལ།མཚམས་མཚམས་ལ “ཐོས་པ” དང་། “དཔེ་ཁྲིད” “འཆད་ཉན” ཞེས་བརྗོད་སྟངས་མི་འདྲ་བ་སྣ་ཚོགས་པ་ཞིག་བྱུང་མྱོང་བ་རེད།བརྗོད་སྟངས་མི་འདྲ་བ་དེ་དག་བརྗོད་དོན་གྱི་ཟུར་མི་འདྲ་བ་རེ་རེའི་ཐད་ནས་བརྗོད་པ་ཡིན་ཏེ།“འཆད་པ”ཞེས་པ་གཙོ་བོ་དགེ་རྒན་གྱི་ཁྲིད་པའི་ཐད་ནས་བརྗོད་པ་རེད།“ཐོས་པ”ཞེས་པ་གཙོ་བོ་སློབ་མའི་སློབ་སྦྱོང་གི་ཐད་ནས་བརྗོད་པ་རེད།“དཔེ་ཁྲིད”ཅེས་པ་ཁྲིད་བྱའི་ནང་དོན་གྱི་ཆ་ནས་བརྗོད་པ་དང་། “འཆད་ཉན” ཞེས་པ་དགེ་སློབ་གཉིས་ཀྱི་བྱ་འགུལ་གྱི་ཐད་ནས་བརྗོད་ཡོད་པས།དུས་རབས་མི་འདྲ་བ་རེ་རེའི་ནང་དུ་བརྗོད་སྟངས་མི་འདྲ་བ་རེ་རེ་བྱུང་ཡོད་པ་རེད།བརྗོད་སྟངས་མི་འདྲ་བ་དེ་དག་རེ་རེ་ལ་གཙིགས་ཆེན་བྱེད་སྟངས་ཀྱི་བརྗོད་བྱའི་ཟུར་མི་འདྲ་བ་རེ་རེ་ཡོད་ཅིང་།ཐ་སྙད་མི་འདྲ་བ་དེ་དག་གིས་དུས་རབས་རེ་རེའི་སློབ་གསོ་བྱེད་སྟངས་མི་འདྲ་བ་རེ་རེ་ཡོད་པས།ཐ་སྙད་མི་འདྲ་བ་དེ་དག་གིས་དུས་རབས་རེ་རེའི་སློབ་གསོ་བྱེད་སྟངས་མི་འདྲ་བ་རེ་རེ་མཚོན་ནུས་ལ།སློབ་གསོ་བྱེད་སྟངས་མི་འདྲ་བ་རེ་རེས་དུས་རབས་དེ་དང་འཚམ་པའི་འཇོན་ཐང་མི་སྣ་མི་འདྲ་བ་གང་མང་ཞིག་སྐྱེད་སྲིང་བྱས་ཡོད་པ་མཚོན་ཐུབ།ཐོས་པའི་སློབ་གསོ་བྱེད་ཐབས་འདིས་སློབ་ཁྲིད་ཀྱི་བྱ་འགུལ་ཧྲིལ་བོའི་ཁྲོད་ནས་སློབ་མའི་སློབ་སྦྱོང་དང་སློབ་མ་གཙོ་གཞིའི་ནང་དོན་དམིགས་གཞིར་བཟུང་ཡོད་པས།སློབ་མའི་འཕེལ་རྒྱས་ལ་བླ་ལྷག་གི་ནུས་པ་ཐོན་ཡོད་ངེས་རེད།དེ་ལྟ་བུའི་ཐོས་པའི་སློབ་གསོ་དེའི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་ཐོས་བྱུང་གི་ཤེས་རབ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད།དཔེར་ན།རྩིས་འཁོར་ལ་ཆ་རྒྱུས་མེད་པའི་སློབ་མ་ཞིག་ལ་རྩིས་འཁོར་མཚམས་སྦྱོར་བྱས་ཏེ།སློབ་མའི་བློ་ལ་རྩིས་འཁོར་གྱི་སྤྱིའི་ཤེས་བྱ་དང་བྱེ་བྲག་གི་རྩལ་ནུས་ངེས་པར་བྱས་ཚེ།སློབ་མ་དེ་ལ་རྩིས་འཁོར་གྱི་ཤེས་བྱ་ཐོས་པ་བྱས་པའི་ཕན་འབྲས་ཐོན་ཟིན་པ་རེད་ཅེས་བཤད་ཆོག་པ་རེད།འོན་ཀྱང “ཐོས་པ” ཞེས་པའི་སློབ་གསོའི་བྱེད་ཐབས་འདི་འདས་པའི་སྤྱི་ཚོགས་ཀྱི་ནང་དུ་སངས་རྒྱས་ཆོས་ལུགས་རིག་གནས་ཕྱོགས་སུ་བཀོལ་ཁྱབ་ཆེ་བའི་དབང་གིས་ཆོས་ལུགས་ཀྱི་བྱེད་སྒོ་ལྟ་བུ་ཞིག་དང་ཡང་ན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཐོས་པ་བྱེད་ཐབས་ལྟ་བུ་ཙམ་ཞིག་ལ་གོ་བ་བླངས་པ་ལས་རིག་གཞུང་སྤྱིའི་སློབ་གསོ་བྱེད་ཐབས་ཞིག་དང་བོད་མི་རིགས་ཀྱི་བྱིས་པ་རྣམས་སྐྱེད་སྲིང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་གོ་བ་ལེན་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པའི་དབང་གིས་ད་ལྟ་ཕལ་ཆེར “ཐོས་བསམ་སྒོམ་གསུམ་” གྱི་སློབ་ཁྲིད་བྱེད་ཐབས་འདི་བོད་ཀྱི་གནའ་རབས་རིག་གཞུང་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་རྒྱུ་ལྟ་ཞོག་ཐ་ན་མི་མང་ཆེ་བར་ཆ་རྒྱུས་གཏན་ནས་མེད་པ་ལྟ་བུ་ཞིག་ཏུ་གྱུར་པའི་མཇུག་འབྲས་འདི་བྱུང་བ་རེད་སྙམ།
                    དེ་བས། “ཐོས་བསམ་སྒོམ་གསུམ” ལ་གོ་བ་ལེན་ཚུལ་མི་འདྲ་ན་ཡང་དོན་དངོས་སུ “ཐོས་བསམ་སྒོམ་གསུམ” ནི་བོད་ཀྱི་སློབ་གསོ་ལག་ལེན་ལས་བྱུང་བའི་སློབ་གསོ་བྱེད་ཐབས་མི་འདྲ་བ་གསུམ་ཡིན་ལ།འདས་པའི་སྤྱི་ཚོགས་ཀྱི་ནང་དུ་བྱེད་ཐབས་འདི་དག་གིས་འདས་པའི་མི་རྣམས་ཀྱི་རིག་གཞུང་ཤེས་བྱའི་སྤུས་ཚད་འཕེལ་རྒྱས་ལ་ཕན་ནུས་ངེས་ཅན་ཞིག་ཐོན་ཡོད་ནའང་ཐོས་པའི་སློབ་གསོ་འདི་ལ་མཚོན་ན། ཐོས་པ་བྱེད་མཁན་གྱི་སློབ་མ་དང་འཆད་མཁན་གྱི་དགེ་རྒན་གཉིས་ཀྱིས “འཆད” དང་ “ཉན” གྱི་བྱ་འགུལ་དེ་ལེགས་འགྲུབ་བྱུང་ཡོད་མེད་ཀྱང་མཐར་གཏུགས་ནས་བཤད་ན།ཐོས་པ་བྱེད་མཁན་གྱི་སློབ་མའི་བློ་ལ་ངེས་ཡོད་མེད་དང་ཐོས་པ་བྱེད་མཁན་ལ་ཕན་ནུས་ཐོན་ཡོད་མེད་ཉག་གཅིག་རེད།
               དེ་བས།དགེ་རྒན་བཟང་བོ་ཞིག་ཡིན་མིན་ནི་དགེ་རྒན་དེའི་སློབ་མ་ལ་བལྟས་ན་ཤེས་ཐུབ་ལ།སློབ་མའི་ཡོན་ཏན་གྱིས་དགེ་རྒན་ལ་སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ཤེས་ཐུབ་སྟེ། དགེ་རྒན་ནི་སློབ་མར་ཤེས་བྱ་ཁྲིད་མཁན་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་སློབ་སྦྱོང་བྱེད་ཐབས་ཁྲིད་མཁན་ཞིག་དང་མི་ཇི་ལྟར་བྱེད་ཚུལ་ཁྲིད་མཁན་ཞིག་རེད།འདིའི་ཐད་ནས་བཤད་ན་དགེ་རྒན་ལ་སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ནི་སློབ་མའི་འཚོ་གནས་དང་མདུན་ལམ་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་།སློབ་མའི་མདུན་ལམ་བརླག་མཁན་གྱི་དགེ་རྒན་ནི་དགེ་རྒན་ངན་པར་བརྩི་ལ།དགེ་རྒན་ངན་པ་ལ་སྔོན་གྱི་བཤད་རྒྱུན་ལས།སློབ་དཔོན་ངན་པ་རོ་ལངས་འདྲ།རོ་ལངས་ངན་པས་རྒྱལ་ཁམས་རྫོད།ཅེས་པ་ནི་ངོ་མ་དོན་ལ་གནས་པ་ཞིག་ཡིན་པས།དགེ་རྒན་ཞིག་ལ་མཚོན་ན།རང་ཉིད་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་ནམ་འབྱུང་བོ་རོ་ལངས་ལྟ་བུའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན།རང་ཉིད་ཀུན་ལ་ཕན་པའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་ནམ།རྒྱལ་ཁམས་རྫོད་མཁན་གྱི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་པ་བཅས་ཀྱི་གཞི་འཛིན་ས་ཉག་གཅིག་ནི་རང་ཉིད་ཀྱི་སློབ་ཁྲིད་བྱེད་ཐབས་སློབ་མ་དང་འཚམ་མིན་ནམ་སློབ་མ་ཡོད་ཚད་དང་འཚམ་མིན།སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་དང་འཚམ་མིན།ཐོས་པའི་སློབ་གསོའི་སྐབས་སུ་གཙོ་བོ་དགེ་རྒན་རང་ཉིད་ལ་ཤེས་བྱའི་སྤུས་ཚད་དང་།འཆད་ཐབས་ཀྱི་སྤུས་ཚད།སློབ་ཐབས་ཀྱི་སྤུས་ཚད་སོགས་འཛོམས་རྒྱུ་ཤིན་ཏུ་གལ་ཆེ་བ་རེད།སྤྱིར་དགེ་རྒན་གྱི་འཆད་ཐབས་རབ་འབྲིང་ཐ་གསུམ་ལས་སློབ་མའི་བློ་ལ་ངེས་ཚད་རབ་འབྲིང་ཐ་གསུམ་འབྱུང་བཞིན་ཡོད་ན་ཡང་།དོན་དངོས་ལག་ལེན་གྱི་སྟེང་ནས་འཆད་མཁན་གྱི་ཐབས་རབ་འབྲིང་ཐ་གསུམ་ལས་བྱུང་བའི་འབྲས་བུ་དེ་སློབ་མའི་བློ་རིག་རབ་འབྲིང་ཐ་གསུམ་གྱི་སྟེང་དུ་བཙན་འཇོག་བྱེད་བཞིན་ཡོད་ལ།ཁྱད་པར་དུ་དགེ་རྒན་སུ་ཞིག་ཡིན་ན་ཡང་སློབ་འབྲས་བཟང་བའི་སློབ་མ་དེ་དགེ་རྒན་རང་གི་སློབ་ཁྲིད་ཀྱི་འབྲས་བུ་ཡིན་པ་དང་།སློབ་འབྲས་ཞན་པའི་སློབ་མ་དེ་སློབ་མ་རང་ཉིད་རིག་རྟུལ་དང་།ལེ་ལོ་རྣམ་གཡེང་ཅན་ཡིན་པའི་འབྲས་བུ་རེད་ཅེས་སྡོམ་ཚིག་བཟོ་བཞིན་ཡོད་པས།ཕྱོགས་རེ་བའི་ལྟ་ཚུལ་འདི་དག་གིས་དགེ་རྒན་རང་ཉིད་ཀྱི་ཡར་ཐོན་ལ་ཤན་ཤུགས་འབྱུང་ངེས་ཡིན་པ་མ་ཟད།སློབ་གྲོགས་མང་བོ་ཞིག་གི་འཚོ་གནས་དང་མདུན་ལམ་ལ་ཤན་ཤུགས་ཐེབས་བཞིན་ཡོད།འདིའི་ཐད་ནས་གཞིགས་ན།བཤད་རྒྱུན་དུ་ “མི་དགུ་བསད་པའི་ལག་དམར་ཞིག་གི་ལག་པ་མཁོ་ཚེ་སྨན་པ་གང་རུང་ཞིག་གི་ལག་པས་ཆོག” པར་བཤད་ཡོད་ལ།དེ་བཞིན་དུ་འབྱུང་འགྱུར་བྱིས་པ་བརྒྱའི་མདུན་ལམ་བརླག་མཁན་གྱི་མི་ཞིག་གི་ལག་པ་མཁོ་ཚེ་དགེ་རྒན་གྱི་ལག་པས་ཆོག་པའི་ཉེན་ཁ་འབྱུང་ཉེན་ཡོད་པས།དགེ་རྒན་རྣམས་ཀྱིས་བསམ་གཞིགས་དང་གཙིགས་ཆེན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད་སྙམ།