སྐད་ཡིག་སློབ་གསོའི་གནད་དོན་ཆེ་ཁག་གསུམ་གྱི་མྱོང་དཔྱད།

རྩོམ་པ་པོ།   གཡག་ཚེ་བརྟན།   ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        སྐད་ཡིག་ནི་ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་གཞི་གཅིག་ཏུ་འདྲེས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་སྟེ། མི་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས། རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པས་ན། སྐད་ཡིག་བསླབ་ཚན་འདི་ལ་རྣམ་པ་རྒྱ་ཆེ་ཞིང་ནང་དོན་གཏིང་ཟབ་པ།ཤེས་བྱའི་གནད་ཆེ་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་བདེན་དགེ་མཛེས་གསུམ་གྱི་མི་ཆོས་སྙིང་སྟོབས་ཁོལ་དུ་ཕྱུང་བའི་རིག་ཚན་མ་ལག་ཅིག་ཡིན།ཡིན་ཡང་རང་ཅག་ལ་མཚོན་ན་སྐད་ཡིག་ཅེས་པའི་བསླབ་ཚན་འདི་དར་འཕྱི་བ་དང་སྤེལ་བའི་ཡུན་ཐུང་བས་བདག་གཞན་ གཉིས་ཀྱི་ཆར་ངོས་ཟིན་གསལ་བོ་ཞིག་ཆགས་མེད་པ་དང་། ཞིབ་འཇུག་དང་དོ་སྣང་གིས་མ་འདང་བ་སོགས་ཀྱི་རྐྱེན་དུ་མའི་དབང་གིས་རང་རྐྱ་འཕེར་བའི་རིག་ཚན་མ་ལག་ཅིག་ཏུ་ཆགས་ཐུབ་མེད། དེ་ལས་ཀྱང་རང་ཅག་ལ་ཚད་ལྡན་གྱི་སྐད་ཡིག་བསླབ་དེབ་དང་དགེ་རྒན་མེད་པའི་ཁར་དཔྱད་འཇོག་གི་རྣམ་པ་ཆིག་རྐྱང་ཅན་དང་སློབ་ཁྲིད་ཀྱི་ཁ་ཕྱོགས་མག་མོག་ཏུ་གྱུར་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་འདུག

        གཅིག  ཚད་ལྡན་གྱི་བསླབ་དེབ་མེད་པ། 

          སྤྱིར་བཤད་ན། ད་སྔ་གང་དུའང་ཚད་ལྡན་གྱི་སྐད་ཡིག་བསླབ་དེབ་ནི་འདིའོ་ཞེས་རྡོག་ རྡོག་ཅིག་སྟོན་རྒྱུ་མི་འདུག ཡིན་ནའང་སྐད་ཡིག་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་དང་འབྲེལ་འདྲིས་ཀྱི་ལག་ཆ་ཞིགའཚོ་གནས་ཀྱི་སྙིང་སྟོབས་ཤིག་ཡིན་པའི་ཆ་ནས་བཤད་ན།སྐད་ཡིག་བསླབ་དེབ་ནི་མ་མཐའ་ཡང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་དེས་མཚོན་པའི་བསམ་བློ་དང་འདུ་ཤེས་གཞིར་བྱས་ཐོག འཇིག་རྟེན་འཚོ་སྡོད་ཀྱི་ལྟ་བས་ཁྱབ་པ་ཞིག མི་རིགས་སྙིང་སྟོབས་ཀྱི་སྣ་འདྲེན་དུ་གྱུར་བ་ཞིག སློབ་མའི་བློ་ཁ་དང་འཚམ་ཞིང་སྐད་ དང་ཡི་གེར་འཇུག་པའི་དང་བ་འདྲེན་པ་ཞིགལོ་རྒྱུས་དང་དུས་རབས་ཀྱི་སྲོག་ཞུགས་པ་ཞིག་ཡིན་པར་སྙམ་སྟེ།སྐད་ཡིག་བསླབ་དེབ་ནི་སློབ་མ་རྣམས་སྐད་དང་ཡི་གེར་འཇུག་པའི་སྒོ་མོ་ལྟ་བུ་ཡིན་པས།ཤེས་བྱ་དང་བསམ་བློ།མི་གཞི་དང་ཀུན་སྤྱོད།སྒྱུ་རྩལ་གྱི་བློ་སྦྱོང་དང་མཛེས་དཔྱོད་ཀྱི་ལྟ་བ་སོགས་རས་ལ་སྣུམ་ཞུགས་པ་བཞིན་ཚིག་རེ་རེ་དང་ཚན་པ་རེ་རེར་འཐིམས་ནས་ཡོད་ཅིང་།མི་རིགས་རིག་གནས་ཀྱི་ཉིང་བཅུད་དང་མི་ཆོས་བསམ་བློའི་དྭངས་མ་འདུས་པའི་སྣ་འཛོམས་རང་བཞིན་གྱི་རིག་ཚན་ཞིག་གོ ། 
          དེ་ཡང་སྐད་ཡིག་ཅེས་པའི་རིག་ཚན་གྱི་མ་ལག་འདི་ནི་བཅིངས་འགྲོལ་བྱས་པའི་ཚུན་དུ་རྒྱ་ནག་རིག་གནས་ཀྱི་ཤུགས་རྐྱེན་འོག་གསར་དུ་བྱུང་བའི་འཇིག་རྟེན་མི་ཆོས་སློབ་གསོའི་མ་ལག་ཅིག་རེད།སྤྱིར་མི་རིགས་གང་ཞིག་ཡིན་ཀྱང་རིག་གཞུང་གསར་བ་ཞིག་ནང་འདྲེན་བྱེད་པར་ཐོག་མར་དེའི་ཚུལ་ལ་ལད་མོ་དང་བར་དུ་ལག་ལེན་བྱས་ཏེ།མཐར་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་སྤེལ་རྒྱུ་ནི་རིག་གནས་འཕེལ་རྒྱས་ཀྱི་སྤྱི་ལུགས་ལྟ་བུ་ཞིག་ཡིན།ཡིན་ཀྱང་རང་རེས་ད་ལྟའི་ཆར་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་བསླབ་དེབ་ཁག་ནི་ཕྱི་རྣམ་པའི་སྒྲིག་གཞིའི་ཆ་ནས་བཤད་ནའང་འདྲ།ནང་བརྗོད་བྱའི་དོན་གྱི་སྙིང་བོའི་ཆ་ནས་བཤད་ནའང་འདྲ།རྒྱའི་སྐད་ཡིག་བསླབ་དེབ་ལ་ལད་མོ་བྱེད་པ་ཐལ་ཆེ་བའི་ཚུལ་དུ་འདུག་སྟེ།བོད་སྐད་ཡིག་གི་རྨང་གཞིར་གྱུར་བའི་ཀློག་འདོན་དང་སུམ་རྟགས་དག་གསུམ་སོགས་རྩིས་མེད་ཀྱིས་ཟུར་དུ་བཞག་ནས་ཡི་གེའི་སྨྱུག་རིམ་དང་གྲུབ་ཚུལ་ངོས་འཛིན་སོགས་ཀྱི་གལ་ཆེན་རང་བཞིན་དམིགས་སུ་བཏོན་ཡོད་པས་སློབ་མ་རྣམས་ལ་སྐད་ཡིག་གི་རྨང་གཞི་ལེགས་པོ་འདིང་མ་ཐུབ་པར་ཀློག་གིས་ཚིག་མི་ཆོད་པ་དང་དོན་གྱི་གནད་མི་ཐོན་པ།བྲིས་ཀྱིས་དག་མི་འཁྱོངས་པར་གྱུར་ནས་སློབ་མའི་སྐད་ཡིག་ཆུ་ཚད་ཇེ་ཞན་དུ་འགྱུར་བཞིན་པའི་གླེང་ཕྱོགས་ཛ་དྲག་ཅིག་ཆགས་ཤིང་།མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་བོར་ནས་རྒྱ་ནག་གི་གསར་བརྗེའི་ལོ་རྒྱུས་དང་དཔའ་བོའི་ཆེ་བ།ལེ་ཧྥུན་གྱི་སྙིང་སྟོབས་སོགས་སྒྱུ་རྩལ་གྱི་གསོན་ཉམས་མེད་ཅིང་ཆབ་སྲིད་ཀྱི་བསམ་བློ་སྒྲོག་སྦྱོང་བྱེད་པའི་ཁ་གཡང་རང་བཞིན་ཅན་གྱི་བསླབ་ཚན་འགྱུར་མ་མང་དྲགས་པས་སློབ་མ་རྣམས་ཀྱི་སྐད་ཡིག་སློབ་སྦྱོང་གི་སྤྲོ་བ་རང་བཞིན་གྱིས་ཉམས་ཤིང་མི་རིགས་ཀྱི་སྙིང་སྟོབས་མེད་པ་དང་།རིགས་ཞེན་གྱི་ལྷག་བསམ་མེད་པ།སྒེར་གཤིས་དང་བསམ་བློ་མེད་པར་གྱུར་ནས་སློབ་གསོ་ལ་ཡིད་ཆེས་མེད་པའི་རྣམ་པ་སྡུག་པོ་དེ་ཆགས་པ་རེད། 
          དེ་ཡང་སྐད་ཡིག་བསླབ་དེབ་ནི་སློབ་མ་རྣམས་ཀྱི་མི་ཚེ་ལ་སྙིང་བོ་དང་ཚེ་སྲོག་ལ་དོན་སྙིང་བསྩོལ་བྱེད་དེ་ཡིན་ཞིང་། སྒེར་གཤིས་ཀྱི་བསམ་བློ་དང་ཚུགས་ཐུབ་ཀྱི་མི་གཤིས་བསྐྱེད་བྱེད།འཚོ་གནས་ཀྱི་སྙིང་སྟོབས་དང་ནུས་པ་སྩོལ་བྱེད།མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་ངེས་པ་བསྐྱེད་བྱེད་ཅིག་ཡིན་པས་ན།རང་རེའི་བསླབ་གཞི་ཁག་ཀྱང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་སློབ་མའི་བློ་ཁ་དང་འཚམ་པ། མ་འོངས་པར་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པའི་རྣམ་པ་ཅན་དུ་ཆགས་པའི་རེ་བ་སྙིང་ནས་ཞུའོ།། 

        གཉིས།  ཚད་ལྡན་གྱི་དགེ་རྒན་དཀོན་པ། 

         དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་འདྲ་བརྙན་བཟོ་མཁན་ཡིན་ལ་ལྷག་པར་དུ་སྐད་ཡིག་དགེ་རྒན་ནི་འདྲ་བརྙན་དེ་ལ་རིག་གནས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་བླ་སྲོག་འཇུག་མཁན་དེ་ཡིན་པས་ན།སློབ་གྲྭ་ཞིག་ལ་མཚོན་ནས་བཤད་ན་སྐད་ཡིག་དགེ་རྒན་ནི་རྐང་འཛིན་པ་ཤ་སྟག་སྟེ་གདུང་མ་འདེགས་པའི་ཀ་བ་ལྟ་བུ་ཡིན་ཞིང་སྙིང་སྟོབསཀྱི་དར་ཆ་ཞིག་གོ།  ཡིད་ཕངས་པ་ཞིག་ལ་རང་རེའི་སྐད་ཡིག་དགེ་རྒན་མང་ཆེ་བས་སྐད་ཡིག་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་སྐད་ཡིག་དགེ་རྒན་ཞིག་གིས་འདོན་འོས་བའི་ནུས་པ་དེ་ཐོན་གྱི་མེད་སྙམ་པའི་དོགས་པ་འཆིང་ཀིན་འདུག་པ་ནི་བརྟག་དཔྱད་མེད་པའི་འོལ་ཚོད་ཀྱི་འཆལ་གཏམ་ཙམ་དུ་ཟད་མོད།ཞིབ་ཏུ་བསམ་ན་གནས་ལུགས་ཅི་ཡང་མེད་པ་ནི་མ་ཡིན་ཏེ།རང་ཅག་ལ་མཚོན་ན་སྐད་ཡིག་སློབ་ཁྲིད་གཉེར་བཞིན་པའི་དགེ་རྒན་རྒན་གཞོན་བགྲང་ལས་འདས་པ་ཞིག་ཡོད་པ་གདོན་མི་ཟ།ཡིན་ཡང་རང་རེའི་དགེ་རྒན་ཁག་ནི་ཀློག་དང་འགྲེལ་བཤད་དོན་གཉེར་གྱི་ཞོར་ཁྲིད་དགེ་རྒན་ཙམ་ལས་ཚད་ལྡན་གྱི་ཆེད་ལས་དགེ་རྒན་ནི་ཧ་ཅང་དཀོན་པའི་ཚོད་དུ་གདའ།  སྤྱིར་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་གི་དགེ་རྒན་དག་གི་སྐད་ཡིག་སློབ་ཁྲིད་ཀྱི་ལག་ལེན་པ་དང་རྟོག་དཔྱོད་པ་ཡིན་འོས་ཏེ།སློབ་མའི་འབྲི་ཀློག་དང་ཉན་བཤད།བསམ་གཞིག་དང་ལག་ལེན།གསར་གཏོད་ཀྱི་ནུས་པ་སོགས་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་རུ་འདེགས་པར་སེམས་རྣལ་མོས་ཞིབ་ འཇུག་དང་བློ་གཟུ་བོས་དཔྱད་པ་གཏོང་འོས་ཀྱང་། དགེ་རྒན་མི་ཉུང་བ་ཞིག་གིས་སློབ་ཐུན་གཅིག་གི་འགན་ཁུར་འགྲུབ་ཐབས་ཙམ་ལས་སློབ་ཁྲིད་ཁྲོད་གནས་པའི་གནད་དོན་དག་ལ་དངོས་ཡོད་ཀྱི་བསམ་གཞིག་དང་དཔྱད་པ་མི་གཏོང་བར་ཤེས་ཐབས་མི་གཙོ་ཚར་ཐབས་གཙོ་བ།བློ་སྒོ་འབྱེད་ཐབས་མི་གཙོ་སྐར་གྲངས་ལོན་ཐབས་གཙོ་བའི་སློབ་ཁྲིད་ཀྱི་རྣམ་པར་སྒྱིད་ལུག་གིས་འཇུག་བཞིན་ཡོད་ཅིང་།ཐ་ན་སློབ་ཁྲིད་ཀྱི་དམིགས་ཡུལ་དང་འཆར་གཞི་སོགས་དགོས་ངེས་ཀྱི་གྲ་སྒྲིག་དག་ཀྱང་མི་བརྒྱ་གདོང་གཅིག་གིས་འཐུས་པར་བྱས་ཏེ་ཡི་གེའི་སྦྱོར་ཀློག་ནས་བརྩམས་ཏེ་སུམ་རྟགས་དག་གསུམ་དང་སྒྲ་ཚད་སྙན་ངགལོ་རྒྱུས་དང་རྩོམ་འབྲིའི་རྒྱུན་ཤེས་སོགས་གཙོ་བྱས་ཏེ་ཐ་སྙད་ཀྱི་འགྲེལ་བཤད་དང་རྩོམ་པ་པོ་ངོ་སྤྲོད།བརྗོད་བྱ་དང་བསྟན་དོན་སོགས་ཁ་ལྕེ་ཟད་རག་བར་དུ་ཡང་དང་བསྐྱར་དུ་ནན་གྱིས་འཆད་པ་ལས་སློབ་མའི་ཤེས་བྱ་དང་བསམ་བློ།བསམ་གཞིག་དང་ལག་ལེན།མི་གཞི་དང་ཀུན་སྤྱོད།སྙིང་སྟོབས་དང་ནུས་པ་སོགས་ཕྱོགས་ཡོངས་ནས་སྔོག་འདོན་དང་གསོ་སྐྱོང་གང་ལེགས་བྱེད་པའི་ཐད་ལ་དོ་སྣང་མི་བྱེད་པ་དང་སློབ་མའི་སྐད་ཡིག་གི་བྱང་ཚད་མཐོ་རུ་འདེགས་པའི་ཐད་ལ་དཔྱད་པའི་འཇུག་སྒོ་མི་ཡངས་པ།གསར་གཏོད་དང་ཁྱད་ཆོས་མེད་པ།མདོར་ན་རང་རེའི་དགེ་རྒན་དག་ནི་སྐད་ཡིག་དང་སྐད་ཡིག་སློབ་ཁྲིད་ལ་རྨོངས་བ་ཤ་སྟག་ཏུ་འདུག་གོ །

       གསུམ།  ཚད་ལྡན་གྱི་དཔྱད་འཇོག་མེད་པ། 

         སྤྱིར་བསླབ་བྱ་གང་ཞིག་ལ་མཚོན་ནས་བཤད་ནའང་ཚད་ལྡན་གྱི་དཔྱད་འཇོག་མ་ལག་ཅིག་ཆགས་པར་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཡིན།དེ་ལས་ཀྱང་སྐད་ཡིག་ནི་བཀོལ་སྤྱོད་རང་བཞིན་ཆེ་བའི་བསླབ་ཚན་ཞིག་ཡིན་པས།རྒྱུགས་གཞི་བཟོ་བར་བསླབ་བྱ་རང་མཚན་པའི་ཁྱད་ཆོས་འབུར་དུ་ཐོན་ཞིང་སློབ་མའི་འབྲི་ཀློག་དང་འཆད་ཉན།བསམ་གཞིག་དང་དབྱེ་ཞིབ་སོགས་སྐད་ཡིག་དང་རིག་གནས་ཀྱི་བྱང་ཚད་ཚད་ག་འདྲ་ཞིག་ཏུ་ཐོན་ཡོད་མེད་ཅུང་ཡང་དག་པའི་སྒོ་ནས་མཚོན་ཐུབ་པ་ཞིག  དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་ལ་ཁ་ཕྱོགས་གསལ་སྟོན་གྱི་ནུས་པ་ལྡན་པ་ཞིག་ཡིན་དགོས་ཏེ།སློབ་མའི་ཤེས་བྱ་དང་བསམ་བློ།རྣམ་དཔྱོད་དང་སྙིང་སྟོབས་སོགས་ཕྱོགས་ཡོངས་ཀྱི་འཇོན་ཐང་དང་བྱང་ཚད་ངོམས་ས།སྒེར་གཤིས་ཀྱི་བསམ་བློ་སྨིན་སའི་དག་ཞིང་ལྟ་བུ་ཞིག་ཡིན་འོས་མོད།རང་རེའི་དགེ་རྒན་རྣམས་ཀྱིས་རྒྱུགས་གཞི་བཟོ་སྐབས་ཤེས་བྱའི་ཆ་དམིགས་སུ་བཟུང་ནས་མིང་འགྲེལ་དང་རྩ་ཚིགརྩོམ་པ་པོ་སུ་ཡིན་པ་དང་དུས་ནམ་ཞིག་ལ་ཡུལ་གང་དུ་འཁྲུངས་བ་སོགས་གཏན་འཁེལ་གྱི་དྲིས་ལན་ཡོད་པའི་འདྲི་ཚིག་གཞན་དབང་ཅན་ཁོ་ན་བཅའ་བ་དང་།སློབ་མས་ཡིག་འབྲུ་སྣ་གཅིག་ཀྱང་མ་ཆད་པར་བློར་བཟུང་ནས་ཇི་བཞིན་དུ་བྲིས་ཡོད་ན་ཅི་སྙམ་པའི་ངང་འགྲིག་རྟགས་བརྒྱབ་ནས་སྐར་མ་སྟེར་བ།ཐ་ན་རྩོམ་ཡིག་ལའང་ཁ་བྱང་དང་བརྗོད་བྱ།ཡིག་གྲངས་ཀྱི་ལོངས་ཚད་གཏན་འཁེལ་བྱས་ནས།ཆ་རྐྱེན་གང་དག་ཚང་དགོས་པའི་རེ་བ་ནན་མོ་འདོན་པ་སོགས་སློབ་མའི་རང་དབང་གི་བསམ་གཞིག་ལ་བཀག་རྒྱ་བཟོ་བ།མདོར་ན་ང་ཚོས་ད་ལ་ཐུག་གི་བར་དུ་སློབ་དེབ་ཙམ་ལ་རྒྱུགས་བླངས་བ་ལས་སྐད་ཡིག་ལ་རྒྱུགས་མ་བླངས།སྦྱང་བྱ་ཙམ་ལ་རྒྱུགས་བླངས་བ་ལས་འཇོན་ནུས་ལ་རྒྱུགས་མ་བླངས།རྒྱུགས་ཀྱི་ཆེད་དུ་རྒྱུགས་ཙམ་བླངས་བ་ལས་སློབ་མའི་ཆེད་དུ་རྒྱུགས་མ་བླངས་བར་སྐད་ཡིག་ལོག་ལམ་དུ་བརྫངས་ནས་སློབ་མ་ལོག་ལམ་དུ་བཅུག་པས་སློབ་མའི་རྒྱུད་ལ་སློབ་སྦྱོང་བྱེད་པ་ནི་རྒྱུགས་ལས་སྐར་མ་ལོན་ཆེད་ཙམ་ཡིན་པའི་ངེས་ཤེས་བསྐྱེད་པ་དང་།སློབ་མར་རྒྱུགས་སྤྲོད་པའི་ནུས་པ་ཙམ་ལས་དགོས་ངེས་ཀྱི་འཇོན་ནུས་དང་སྙིང་སྟོབས་ཅི་ཡང་བསྐྱེད་མ་ཐུབ།དེ་བས་ཚོས་སེམས་རྣལ་མོས་བསམ་གཞིག་དང་བློ་གཟུ་བོས་དཔྱད་པ་ནན་མོས་སློབ་ཁྲིད་ལ་ཕན་ཐོགས་ཤིང་སློབ་མ་ལ་གོ་ཆོད་པའི་ཚད་ལྡན་གྱི་སྐད་ཡིག་རྒྱུགས་གཞི་ཞིག་བཟོ་བའི་ཐད་ལ་འབད་པ་ལྷུར་བླངས་ནས་ཚད་ལྡན་གྱི་དཔྱད་འཇོག་མ་ལག་ཅིག་ཆགས་པར་བརྩོན་རྒྱུ་ནི་སྐད་ཡིག་དགེ་རྒན་རྣམ་པའི་གཟུར་མེད་ཀྱི་འགན་འཁྲི་ཞིག་ཏུ་སེམས་སོ།