ཞིས་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་གྲོས་མོལ་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།


འདི་ནི་ཟླ་3ཚེས་26ཉིན་ཕི་རི་ཐོ་རི་ཡར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་གྲོས་མོལ་གནང་བའི་གནས་ཚུལ་ཡིན་པ།
        ཚེས་26ཉིན་ཕི་རི་ཐོ་རི་ཡར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་གྲོས་མོལ་གནང་བ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་དཔྱད་བསྡུར་གཏིང་ཟབ་བྱས་ཡོད་པས་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་ཡོད་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་གཉིས་པོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་འདྲ་མཚུངས་ཀྱི་ལོ་རྒྱུས་དང་།གཅིག་ཏུ་འབྲེལ་བའི་ལས་དབང་།གཅིག་ལ་གཅིག་བརྟེན་གྱི་འབྱུང་འགྱུར་བཅས་ཡོད་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་དེ་བས་ཆེ་བ་ལྡན་ཡོད།ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་འདི་ཉིད་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ནས་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་རྩོམ་འདོད་ཡོད་ལ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་དེ་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་།མཐོ་རིམ་དང་དེ་བཞིན་ཏང་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ།རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་དང་དཔྱད་གཞིར་འཛིན་པ་བཅས་བྱས་ནས་ཕར་རོལ་པོའི་སྲོག་ཤིང་དང་ཁེ་ཕན་གྱི་གནད་དོན་གལ་ཆེན་དང་འབྲེལ་བའི་ཐད་མུ་མཐུད་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འཐབ་ཇུས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་ལ་གཞིགས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་མ་གཏོང་འདོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།གཏེར་ལས།ནུས་རྒྱུ།རླངས་འཁོར་སོགས་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་ནས་སྔོན་ལ་གོང་འཕེལ་གཏོང་བའི་ཁྱབ་ཁོངས་སུ་མ་འཇོག་དང་མ་དངུལ་མཉམ་བསྡུའི་མཉམ་ལས་ལ་སྐུལ་མ་གཏོང་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་སྤེལ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཕྱོགས་གཉིས་པོས་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་མི་སྣའི་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་2014ལོ་དང་2015ལོར“རྒྱལ་ཁབ་ཀྱི་ལོའི”བྱེད་སྒོ་ཐུན་མོང་ཐོག་གཉེར་རེས་ཡག་པོ་བྱེད་རྒྱུ་དང་།ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁར་ཀྲུང་གོའི་རིག་གནས་ལྟེ་གནས་བཙུགས་ཏེ་མཐོ་སློབ་ཀྱི་མཉམ་ལས་སློབ་གཉེར་ལ་སྐུལ་མ་བཏང་སྟེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གླིང་ཆེན་ཨ་ཧྥེ་རི་ཁ་དེ“རེ་བས་ཁེངས་པའི་སྐམ་སར”བརྩི་ཡི་ཡོད།ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་འབད་དང་གླིང་ཆེན་ཨ་ཧྥེ་རི་ཁའི་གནད་དོན་རང་ཐག་རང་གཅོད་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།ལྷོ་ཨ་ཧྥེ་རི་ཁ་ནི་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་གི་ཀྲུའུ་ཞིའི་རྒྱལ་ཁབ་ཅིག་རེད།ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང“གླིང་ཆེན་ཨ་ཧྥེ་རི་ཁ་འཕེལ་རྒྱས་གཏོང་བའི་རོགས་ཟླ་གསར་པའི་འཆར་གཞིའི”མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས་གླིང་ཆེན་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་མ་བཏང་སྟེ་གླིང་ཆེན་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་ཀྱི་ལས་དོན་ནང་དགེ་མཚན་ལྡན་པའི་ངང་ཞུགས་ཏེ་གླིང་ཆེན་ཨ་ཧྥེ་རི་ཁ་རྒྱུན་བསྲིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།ཞིས་ཅིན་ཕིང་གིས་ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ལྔ་པ་དང་དེ་བཞིན་འབོ་གསེར་རྒྱལ་ཁབ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ནས་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འབོ་གསེར་རྒྱལ་ཁབ་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཙུའུ་མ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་ཐེངས་དང་པོར་ལྷོ་ཨ་ཧྥེ་རི་ཁ་བདམས་གནང་བ་དེ་ནི་ལྷོ་ཨ་ཧྥེ་རི་ཁའི་གཟི་བརྗིད་ཡིན་པ་དེ་ཐོག་ནས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ཆུ་ཚད་མཐོ་པོ་ཞིག་ཏུ་སླེབས་ཡོད་པ་གང་ལེགས་མཚོན་ཡོད།ལྷོ་ཨ་ཧྥེ་རི་ཁས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ནས་ཐུན་མོང་གི་འཕེལ་རྒྱས་ཡོང་བ་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་དེ་སྔར་བས་དྲང་བཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
        གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་།དངུལ་རྩའི་མ་འཇོགནུས་གཏེར།རིག་གནས་སློབ་གསོ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མཚན་རྟགས་འགོད་པའི་མཛད་སྒོར་ལྷན་དུ་ཕེབས་ཡོད་པ་རེད།