རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2012 ལོའི་ཟླ་ 7 པའི་ཚེས་ 25 ཉིན། བདེ་ཆེན་རྫོང་ཀུན་ཕན་བོད་ཡིག་སློབ་གྲྭས་གསར་བསྒྲིགས་བྱས་ཤིང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ཚོན་ལྡན་པར་འདེབས་ལས་སྒོས་པར་འདེབས་པའི 《རྨང་གཞིའི་བོད་ཡིག་སྨྱན་མང་གཟུགས་ཀྱི་སློབ་ཆས》དེ་ནང་ཁུལ་དཔྱད་ཡིག་གི་རྣམ་པས་དཔེ་སྐྲུན་བྱས་པ།
བདེ་ཆེན་རྫོང་ཀུན་ཕན་བོད་ཡིག་སློབ་གྲྭ་ནི་བོད་ཡིག་སློབ་ཚན་གྱིས་གཙོས་པའི་སྒེར་འཛུགས་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འཛུགས་པ་ནས་ད་བར་ཡིག་བསྒྱུར་དང་། བོད་སྨན། བཟོ་རྩལ་སྐོར་གྱི་མི་སྣ་གང་མང་ཞིག་གསོ་སྐྱོང་བྱས་ཡོད། སློབ་གཙོ་ཨ་འབྱུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་སྨྱན་མང་གཟུགས་ཀྱི་སློབ་ཆས་གསར་བསྒྲིགས་བྱས་པའི་དམིགས་ཡུལ་ནི། སྤྱི་ཚོགས་རིམ་ཁག་གི་བོད་ཡིག་སྦྱོང་འདོད་ཡོད་ཀྱང་དགེ་རྒན་བསྟེན་པར་དཀའ་བའི་གནས་ཚུལ་ལ་གཞིགས་ནས། དཔེ་ཆའི་ནང་དོན་དང་བསྟུན་པའི་སྒྲ་གཟུགས་གཉིས་ལྡན་གྱི་འོད་སྡེར་ (DVD) ཡང་འདོན་ཡོད། རྗེས་མར་གྲོང་གསེབ་དང་སྤྱི་ཚོགས་རིམ་ཁག་གི་བོད་ཡིག་སྦྱོང་འདོད་ཡོད་པའི་སྐྱེ་བོ་ཚོས་དགེ་རྒན་མེད་ནའང་ཁྱིམ་ནང་གི་ DVD ལ་བརྟེན་ནས་རང་སྦྱོང་བྱེད་ཆོག སློབ་ཆས་ཀྱི་ནང་དོན་ནི་བོད་ཡིག་སྦྱོར་ཀློག་གི་ཐབས་གཙོར་བཞག་ནས། རྒྱུན་མཁོའི་དམངས་ཁྲོད་ཤེས་བྱ་སྟེ་གཞས་ཚིག་དང་བྲོ་ཚིག གཏམ་བཤད། ལེགས་བཤད་ལ་སོགས་གོ་བདེའི་རྩོམ་ཐུང་འགའ་སྦྱོར་ཀློག་སྦྱོང་ཚན་དུ་བཀོད་ཡོད།
སློབ་གཙོ་ཨ་འབྱུང་གིས་ངོ་སྤྲོད་ལྟར་ན། སྨྱན་མང་གཟུགས་ཀྱི་སློབ་ཆས་དེའི་དཔེ་སྐྲུན་གྲོན་དངུལ་ནི་ཞང་ཀང་གྲོང་སྡེའི་རོགས་རམ་དང་ཁ་བ་དཀར་པོ་རིག་གནས་ཚོགས་པས་རོགས་སྐྱོར་བྱས་པ་རེད། སྨྱན་མང་གཟུགས་ཀྱི་སློབ་ཆས་དེ་ནང་ཁུལ་དཔྱད་ཡིག་གི་རྣམ་པས་དཔེ་སྐྲུན་ཚར་རྗེས། གཙོ་བོ་བདེ་ཆེན་རྫོང་གི་གྲོང་གསེབ་སོ་སོ་དང་སྤྱི་ཚོགས་རིམ་ཁག་གི་བོད་ཡིག་མི་སྣའི་བོད་ཡིག་སྦྱོང་འདོད་ཡོད་མིན་ལ་གཞིགས་ནས་སྨྱན་མང་གཟུགས་ཀྱི་སློབ་ཆས་དེ་རིན་པ་མི་ལེན་པར་མཁོ་སྤྲོད་བྱ་རྒྱུ་རེད།