བོད་ཀྱི་འདས་མཆོད་སྐོར་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ།   བསོད་ནམས།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དང་པོ།སྦྱིན་བསྲེགས
        དེ་ཡང《བྱ་གཏོར་ཏེ་བོད་རིགས་འདས་མཆོད་རིག་གནས》ཞེས་པ་ལས།སྦྱིན་བསྲེགས་ནི་དང་ཐོག་ཧིན་རྡུར་ཡོད་པའི་དུར་སྲོལ་ཞིག་ཡིན་ལ་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་སྐུ་སྦྱིན་བསྲེགས་བྱས་པར་བརྟེན་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་དང་ཆོས་ཀྱི་དགོངས་པ་རྫོགས་པའི་བླ་ཆེན་དང་སྤྲུལ་ཆེན་མང་པོ་ཞིག་ཀྱང་དེའི་གྲས་སུ་ཚུད།རིམ་གྱིས་འབྱོར་ལྡན་ཕྱུག་བདག་དང་ས་གནས་རྒྱལ་པོ་སོགས་ཀྱང་མེ་དུར་གྱི་གྲས་སུ་གཏོགས་པར་གྱུར་སྟབས་སྦྱིན་བསྲེགས་ཀྱིས་སྤྱི་ཚོགས་ཁྲོད་གོ་གནས་དང་ཐོབ་ཐང་ངེས་ཅན་ཞིག་མཚོན་པར་གྱུར་ལ་ཤེས་མེད་ཚོར་མེད་ངང་འབངས་མི་སེར་སྦྱིན་བསྲེགས་ཀྱི་ཆོ་ག་ལས་ཕྱིར་འབུད་བཏང་།དེ་ལས་གཞན་འབངས་མི་སེར་གྱི་བེམ་པོ་སྦྱིན་བསྲེགས་བྱས་ཚེ་ས་གནས་དེའི་ཡུལ་མིས་འཕྱ་སྨོད་དང་རྡུང་རྡེག་ཐེབས་ངེས་ཟེར།ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོར་འཁོད་པ་ལྟར་ན་གནམ་གྱི་ཁྲི་བདུན་འདས་རྗེས་བེམ་པོ་སྦྱིན་བསྲེགས་བྱས་ལ་དེའི་རྣམ་ཤེས་དུ་སྤྲིན་དང་བཅས་འཇའ་ཚོན་བཞིན་དུ་ནམ་མཁའ་ཡལ་ཞེས་འཁོད་འདུག《དུང་དཀར་ཚིག་མཛོད་ཆེན་མོ》ལས་བོན་ཆོས་ལྟར་ན་གནམ་གྱི་ཁྲི་བདུན་ཚེ་ལས་འདས་རྗེས་གནམ་ནས་འཕྱང་བའི་རྨུ་ཐག་དཀར་བོ་ཞིག་ལ་འཇུས་ཏེ་འཇའ་ཚོན་བཞིན་དུ་ནམ་མཁར་ཡལ་བར་འདོད།འདིར་བརྗོད་པའི་རྨུ་ཐག་དཀར་པོ་ནི་ཕལ་ཆེར་སྦྱིན་བསྲེགས་ལས་བྱུང་བའི་དུ་བ་དཀར་པོ་དེར་བརྗོད་པར་སེམས།ཡང་དཔྱད་པ་མི་མཐུན་པ་ལ་ལ་ལྟར་ན་གནམ་གྱི་ཁྲི་བདུན་འདས་རྗེས་བེམ་པོ་སྟོན་རྒྱུ་མེད་པ་ནི་རྗེ་བོའི་སྐུ་གཤེན་དང་བོན་གྱི་མཁན་པོ་དག་གིས་བེམ་པོ་མི་མེད་ས་སྟོང་དང་བྲག་རི་གཡང་གཟར་དུ་བསྐྱལ་ནས་རྒོད་ལ་གཏོར་བ་རེད་བསམ།གཞན་ཡང་རྒྱའི་མཁས་པ་ཁྲིན་ལིའུ་མིན་གྱིས་བྲིས་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཞེས་པའི་དཔེ་དེབ་ནང་གནམ་གྱི་ཁྲི་བདུན་འདས་རྗེས་བེམ་པོ་མི་ཡུལ་དུ་མཐོང་རྒྱུ་མེད་པར་ནམ་མཁར་འཇའ་ཚོན་བཞིན་ཡལ་ཟེར་བ་ནི་དོན་དངོས་ཐོག་ཁོ་ཚོ་འདས་རྗེས་བེམ་པོ་མི་མེད་ས་རྒོད་དུ་བསྐྱུར་ཏེ་འདས་མཆོད་མི་བྱེད་པའི་གདོད་མའི་བོན་གྱི་དུར་སྲོལ་ལ་སྟོན་ཞེས་འཁོད་ཡོད།
        གོང་གི་གླེང་གཞི་འདི་དག་མཁས་པ་མང་པོ་ཞིག་གི་བཞེས་སྲོལ་དང་མཐུན་མོད།འོན་ཀྱང་ཞིབ་ཏུ་དབྱེ་ཞིབ་བྱས་ཚེ་ཚིག་དེ་དག་ནི་ལུགས་དང་མི་མཐུན་པའི་རྗོད་གཞི་རྐྱང་རྐྱང་ཞིག་ཡིན་པ་ཤེས་ཐུབ།ཐོག་མར་གནམ་གྱི་ཁྲི་བདུན་བྱ་གཏོར་བྱེད་མི་སྲིད་དེ།རྒྱུ་མཚན་ནི་སྐབས་དེར་སངས་རྒྱས་ཆོས་ལུགས་བོད་དུ་དར་མེད་པས་སྐབས་དེའི་མི་རྣམས་ཀྱིས་བྱ་རྒོད་ནི་ལྷ་བྱར་འཛིན་པའི་ལྟ་བ་སྐྱེ་མི་སྲིད་ལ་བེམ་པོ་རི་ལ་ཡང་བསྐྱུར་མི་སྲིད།ཁོ་ཚོ་འབངས་ཀྱི་ལྷ་བཞིན་བཀུར་བའི་བཙན་པོ་ཡིན་པས་ཕྱིར་རོ།།
        སྦྱིན་བསྲེགས་བྱེད་ཐབས་ནི་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་འདས་མཆོད་སྒྲུབ་ལུགས་ཤིག་ཡིན་མོད།འོན་ཀྱང་སངས་རྒྱས་བསྟན་པ་བོད་དུ་དར་བ་དང་བསྟུན་སྦྱིན་བསྲེགས་ལམ་ལུགས་ཉམས་དམས་སུ་སོང་ནས་འདས་མཆོད་ལུགས་སྲོལ་གཞན་དག་གིས་ཚབ་བྱས་པ་རེད།འདིའི་སྐོར་ལ་མཁས་པ་མང་པོས་རང་རང་གི་འདོད་ཚུལ་མང་པོ་བཏོན་པ་དཔེར་ན།ཁྲིན་ཁྲང་སྦུན་གྱིས་སྦྱིན་བསྲེགས་ཉམས་པ་ནི་གཙོ་བོ་བོད་ཁུལ་དུ་འབུད་ཤིང་ལ་སོགས་ངེས་མཁོའི་རྒྱུ་ཆ་ཉུང་བ་དང་སྦྱིན་བསྲེགས་བྱེད་པར་འགྲོ་གྲོན་ཆེ་བའི་སྟབས་རེད་སྙམ་མོད།དོན་དངོས་སུ་ད་ལྟ་སྡོམ་བརྩིས་བྱས་པ་ལྟར་ན་བོད་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་ལ་སྤྱི་ཁྲི་གྲུ་བཞི་མ་ཁྲི༡༦༥.༩༢ལྷག་ཡོད་པ་མ་ཟད།《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཡང་སྤྲ་ཡིས་ཤིང་ཏོག་ཟོས་ནས་མི་རུ་གྱུར་བ་དང་སྐབས་དེར་མི་ཡི་ལུས་ལ་ཤིང་ལོ་གྱོན་པ་དང་ཟས་སུ་ཤིང་ཏོག་ཟ་ཞེས་འཁོད་པ་ལྟར་ན་བོད་ཁམས་སུ་གནས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པ་སྔ་མོ་ནས་ཡོད་པ་ཤེས་ཐུབ།དེར་བརྟེན་སྦྱིན་བསྲེགས་ལམ་ལུགས་དེ་དེའི་རྒྱུ་ཆའི་དབང་གིས་ཉམས་དམས་སུ་སོང་བ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད།
        དེས་ན་སྦྱིན་བསྲེགས་ཅིའི་ཕྱིར་ཉམས་དམས་སུ་སོང་བ་རེད་ཅེ་ན།《དེབ་དམར》དུ་གྲི་གུམ་བཙན་པོ་ལོ་ངམ་གྱིས་བགྲོངས་རྗེས་དབང་ལོ་ངམ་གྱིས་བཟུང་བ་དང་།དུང་དཀར་ཚིག་མཛོད་ཆེན་མོ་རུ་བོད་ཀྱི་ལོ་རྒྱུས་སྟེང་གྲི་གུམ་བཙན་པོ་ལོ་ངམ་གྱིས་བགྲོངས་རྗེས་བེམ་པོ་བྱུང་ལ་དེ་ནས་དུར་གྱི་ཐོག་མ་བྱུང་ཞེས་འཁོད་ཡོད་ལ།《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་གྲི་གུམ་བཙན་པོས་གནམ་གྱི་རྨུ་ཐག་བཅད་སྟབས་བེམ་པོ་མི་ཡུལ་དུ་ལུས་པ་དང་ཐང་དུ་དུར་འཇུག་བྱས།དེ་ནས་བཟུང་བོད་དུ་དུར་འཇུག་གི་སྲོལ་ཐོག་མ་དར་ཞེས་བྲིས་འདུགལོ་རྒྱུས་དེབ་ཐེར་མང་པོ་ཞིག་ཏུ་ཁོའི་བེམ་པོ་ཆུ་ལ་བསྐྱུར་ཞེས་བཤད་སྲོལ་ཡང་ཡོད།
        གང་ལྟར་གོང་གསལ་གྱི་བརྗོད་གཞི་ལས་གྲི་གུམ་བཙན་པོ་འདས་རྗེས་བེམ་པོ་སྦྱིན་བསྲེགས་བྱས་མེད་པ་མངོན་པར་ར་སྤྲོད་བྱས་ལ་དེ་ལས་གཞན་ཁོའི་སྲས་སྤུ་དེ་གུང་རྒྱལ་གྱི་རྒྱལ་སྲིད་བཟུང་རྗེས་བཙན་པོ་འདས་རྗེས་དུར་འཇུག་བྱས་པ་དང་དེ་ནས་བཟུང་འབངས་མི་དུར་སྦས་ཀྱི་ལུགས་རྒྱུན་འཛིན་བྱས།རིམ་གྱི་དུར་འདེབས་ཀྱི་ལམ་ལུགས་བོད་དུ་སྲོལ་རྒྱུན་ཅན་དང་ལམ་ལུགས་ཅན་དུ་ཆགས་ལ་སྦྱིན་བསྲེགས་ཀྱི་ཆོ་ག་ཡང་ཉམས་དམས་སུ་སོང་།ཕྱིས་སུ་ནང་བསྟན་བོད་ལ་དར་བ་དང་བསྟུན་ནས་སྦྱིན་བསྲེགས་ཀྱི་ཆོ་ག་སླར་ཡང་བོད་ལ་དར་ཞིང་།དེང་འདིར་བོད་ཁམས་ནས་སྐྱེས་ཆེན་དམ་པ་དང་བླ་སྤྲུལ།དགེ་འདུན་པ་བཅས་ཚང་མའི་བེམ་པོ་སྦྱིན་བསྲེགས་བྱེད་བཞིན་ཡོད་པར་མ་ཟད།ཆ་རྐྱེན་འཛོམས་ན་འཇིག་རྟེན་པའི་ཕོ་མོ་དཀྱུས་མའི་བེམ་པོ་རྣམས་ཀྱང་སྦྱིན་བསྲེགས་བྱེད་བཞིན་མཆིས་སོ།།
        གཉིས་པ།རྡོ་དུར་དང་དུར་སྦས།  
        རྡོ་དུར་ནི་ཆེས་སྔ་བའི་བོད་ཀྱི་དུར་འདེབས་སྲོལ་ལུགས་ཤིག་ཡིན་ལ།གདོད་མའི་དུས་སུ་འདས་པོའི་བེམ་པོ་རི་ལ་བསྐྱུར་ནས་རི་དྭགས་གཅན་གཟན་ལ་ཟ་རུ་བཅུག་རྗེས་སུ་དུར་འདེབས་པའི་སྲོལ་བྱུང་ལ་འདས་པོའི་བེམ་པོ་རྡོ་དང་ས་འོག་ཏུ་བཅུག་པས་རྡོ་དུར་ཡང་རིམ་གྱི་སྲོལ་རྒྱུན་ཅན་དུ་ཆགས།བོད་ཀྱི་རྡོ་དུར་འདེབས་སྲོལ་ལ་རང་གི་ཁྱད་ཆོས་ཐུན་མོང་མི་ཡིན་པ་ཞིག་ཡོད་དེ་ཐོག་མར་ཕ་བོང་ཆེན་པོ་ཕྱོགས་བཞིར་བསླངས་ཤིང་།རྡོ་གཞན་དག་བརྩིགས་ནས་ཁ་བཅད་དེ་ཐད་ཀར་ཅུང་སྲ་བའི་ས་སྟེང་དང་རྡོ་དང་བྱེ་མ་ཡིན་སར་འདེབས།ད་ལྟ་རྙེད་ཟིན་པའི་མཁར་རོ་གནའ་ཤུལ་ནས་རྡོ་དུར་གྱི་ཤུལ་རྫས་རྙེད་ཡོད།གཞན་གནའ་རྫས་རྟག་དཔྱོད་མཁན་མང་པོས་རྡོ་དུར་ནི་བོད་ཀྱི་གདོད་མའི་དུས་ཀྱི་འདས་མཆོད་བྱེད་སྲོལ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པར་མ་ཟད་མཚོ་ནག་དང་ལྷ་ས།གཞིས་ཀ་རྩེ།ལྷུན་གྲུབ་རྫོང་ལ་སོགས་སུ་རྡོ་ཆས་གསར་མའི་དུས་ཀྱི་རྡོ་དུར་གནའ་ཤུལ་རྙེད།
        དུར་འཇུག་ནི་གྲི་གུམ་བཙན་པོའི་དུས་ནས་དར་ལ།བོད་ཀྱི་རྒྱལ་རྒྱུད་སྐུ་དྲག་འདས་རྗེས་དུར་དུ་འཇུག་ལ་དུར་ནང་དུ་རིན་པོ་ཆེ་སྣ་ཚོགས་དང་དངོས་རིགས་རྩ་ཆེན་མང་པོ་རི་དྭགས་དང་སྲོག་ཆགས་སྣ་ཚོགས་བཅས་བེམ་པོ་དང་མཉམ་དུ་སྦས་སྟབས་དུར་འཇུག་གི་གཞི་ཁྱོན་དང་རྫིག་ཉམས་མིག་སྔར་གྱི་དུར་སྦས་དང་བསྡུར་ན་ཧ་ཅང་ཆེ།དེའི་ཞིབ་ཕྲའི་སྐོར《དེབ་ཐེར་དཔྱིད་ཀྱི་རྒྱལ་མོ》རུ་གསལ།ཡང་དུར་སྦས་ནི་གཙོ་བོ་མཛེ་ནད་དང་འགོས་ནད།ཡང་ན་གྲི་ཤིའི་འདས་མཆོད་བྱེད་སྲོལ་ཞིག་ཡིན་པས་དེ་བོད་མི་ཀུན་གྱི་འདུ་ཤེས་ཁྲོད་བླ་མེད་ཀྱི་ལྟ་བ་ཞིག་ཏུ་འཛིན་གྱི་མེད་ལ་སྲོལ་རྒྱུན་ཅན་དུའང་ཆགས་མེད།
        ཡང་དུར་འཇུག་སྲོལ་ལུགས་ཇི་ལྟར་ཉམས་པའི་སྐོར་ལ་བོད་ཀྱི་ཡུལ་སྲོལ་རིག་གནས་ནང་དུ་དུར་འཇུག་ནས་བྱ་གཏོར་དུ་བར་བརྒལ་བྱེད་པའི་དུས་སུ་དུར་སྲོལ་མང་པོ་ཞིག་མཉམ་དུ་གནས་ཡོད་ལ་དེ་དག་འགྱུར་ལྡོག་བྱུང་བ་ནི་དེ་གཙོ་བོ་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་ཆོས་ལུགས་གསར་རྙིང་གི་བརྗེ་རེས་ཀྱི་རྐྱེན་རེད་ཅེས་བྲིས་འདུག 
        རྒྱའི་མཁས་པ་ཁྲིན་ཁང་བུན་གྱིས《ས་ཁམས་དང་ཆོས་ལུགས་ཀྱིས་བོད་ཀྱི་འདས་མཆོད་ལ་ཐེབས་པའི་ཤུགས་རྐྱེན》ཞེས་པའི་དཔྱད་རྩོམ་ནང་དུ་བོད་ཀྱིས་འབྲོག་ལས་གཙོ་བོར་གཉེར་བ་དང་།རྨོ་ཆོག་པའི་ས་ཞིང་ཉུང་བ་དང་ནམ་ཟླ་འཁྱགས་པ་དང་།མཚོ་ངོས་ལས་མཐོ་ཚད་མཐོ་བ་བཅས་ཀྱི་དབང་གིས་ལོ་ཏོག་ཐོན་སྐྱེད་བྱེད་ཚད་ཧ་ཅང་ཉུང་།དེ་བས་འཚོ་བའི་རྟེན་གཞི་ཕྱུགས་ཟོག་ཡིན་ལ་ས་གཞིར་དེ་འདྲའི་རྩིས་མཐོང་མི་བྱེད་པས་བེམ་པོ་ས་འོག་ཏུ་འཇུག་པར་དེ་འདྲའི་གོང་བཀུར་བྱེད་ཀྱིན་མེད་ཅེས་བྲིས་འདུགདོན་དངོས་ཐོག་ས་གཞིའམ་རྨོ་འདེབས་ལ་ང་ཚོས་སྔ་མོ་ནས་སྣང་འཇོག་བྱེད་ཀྱིན་ཡོད་དེ།《དེབ་དམར》དུ་མཛངས་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱི་མཛད་འཕྲིན་ལ།མཛངས་ལས་ཤིང་བསྲེགས་སོལ་བ་བྱུང་།རྡོ་བཞུས་གསེར་དངུལ་ཟངས་ལྕགས་ཐོན།ཤིང་གུག་གཤོལ་དང་གཉའ་ཤིང་བྱུང་།ས་བསྐོས་ཕུ་ཆུ་ཡུར་དུ་དྲངས་ཞེས་འཁོད་ཡོད་པར་བལྟས་ན་བཙན་པོའི་དུས་ནས་བཟུང་ས་ཞིང་རྨོ་འདེབས་ལ་མཐོང་ཆེན་བྱེད་ཀྱིན་པ་མཚོན།དེ་བས་རྒྱལ་རྒྱུད་སྐུ་དྲག་ལ་དུར་འཇུག་དང་འབངས་ལ་རྡོ་དུར་བྱེད་པ་གནས་ལུགས་དང་མཐུན།
གསུམ་པ།བྱར་གཡེང་བ།
        བྱར་གཡེང་བ་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་བྱུང་བ་རེད།དེར་དམིགས་སུ་གསལ་པའི་སྲོལ་ད་ལྟ་ནམ་ཞིག་ལ་དར་བའི་དུས་ཚིགས་སོགས་གང་ཡིན་གསལ་བོ་ཞིག་གཏན་འཁེལ་བྱས་མེད་ལ།གལ་སྲིད་བྱར་གཡེང་བ་དེ་ནང་བ་སངས་རྒྱས་ཀྱི་ཆོས་དང་མཉམ་དུ་དར་བ་རེད་བསམ་ན་དེར་ལོ་རྒྱུས་ཀྱི་བདེན་དཔང་མེད་ལ་ད་ལྟ་ལྷ་ཐོ་ཐོ་རུ་གཉན་བཙན་རྗེས་ཀྱི་སྲོང་བཙན་སྒམ་པོའི་བང་སོ་སྟོན་རྒྱུ་ཡོད་པས་སོ།།
        བྱར་གཡེང་བ་ནི་ཕལ་ཆེར་ཕ་དམ་པ་སངས་རྒྱས་ཀྱི་དུས་སུ་ཡོངས་ཁྱབ་ཏུ་སྤྱད་པ་འདྲ་ལ།དུང་དཀར་བློ་བཟང་འཕྲིན་ལས་ཀྱི《བོད་ཀྱི་སངས་རྒྱས་ཆོས་ལུགས་སྐོར་ལ་དཔྱད་པ》ཞེས་པའི་ནང་དུ་བོད་དུ་བེམ་པོ་རྒོད་དུ་གཏོར་བ་ནི་ཕ་དམ་པ་སངས་རྒྱས་དུས་སུ་བྱུང་ལ།དེའི་སྔོན་དུ་དུར་འཇུག་དང་རྡོ་དུར་སྦྱིན་བསྲེགས་བཅས་བྱེད་པ་རེད་ཅེས་བཀོད་ཡོད།གཞན་ཡང《བོད་ཀྱི་འདས་མཆོད་དམངས་སྲོལ》ཞེས་པའི་ནང་དུ།བོད་དུ་ཕ་དམ་པ་སངས་རྒྱས་ཀྱི་དུས་ནས་བཟུང་བྱ་གཏོར་བས་སྲོལ་གཏོད་ཟེར།བྱར་གཡེར་བ་བོད་མིས་ཡོངས་ཁྱབ་ཏུ་དང་ལེན་བྱས་པ་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་མི་ཚང་མའི་འདུ་ཤེསསྟེང་སྙིང་རྗེ་དང་སྐྱེ་བ་སྔ་ཕྱི།ལས་རྒྱུ་འབྲས་བཅས་ཀྱི་ཀུན་སློང་གིས་ཤམ་ཤུགས་ཐེབས་ཡོད་ལ།གལ་སྲིད་མི་ཞིག་ཤི་རྗེས་བེམ་པོ་བཀྲེས་ལྟོགས་ཀྱིས་མནར་བའི་བྱ་རྒོད་ལ་སྦྱིན་པའི་ཚུལ་དུ་ཁ་ཟས་སུ་བྱིན་ན་དེ་ཡང་དགེ་བའི་ལས་བླ་མེད་ཅིག་རེད་སྙམ་མོ།
        ཡང་ལྟ་ཚུལ་གཞན་ཞིག་ལ་བོད་མིའི་རང་གི་ཕ་མེས་དང་ནང་མིས་དགེ་ཕྱོགས་ལ་ཧ་ཅང་སྣང་ཆེན་བྱེད་ལ་སུས་ཀྱང་འདས་པོའི་མིང་ནས་འཛིན་མི་རུང་བ་སོགས་ཀྱི་འཛེམ་བྱ་ཧ་ཅང་མང་།ཏག་ཏག་བྱ་གཏོར་བྱས་ན་བེམ་པོ་འབྱུང་བཞིན་འཐིམས་པའི་ལྟ་བ་དང་མཐུན་ལ་རྒོད་རང་ཉིད་ཡང་ནམ་མཁའི་ཆེས་མཐོ་སར་འཕུར་ནས་རླུང་སྤུ་གྲི་དང་ཉི་མའི་ལྡོག་འཕྲོ་ཡིས་བེམ་པོ་ཡོངས་སུ་ཟད་འགྲོ།དེ་བས་འདས་པའི་མི་ནི་མིང་དོན་གཉིས་མཚུངས་སུ་འདས་པ་རེད།བྱར་གཡེང་པ་དར་བ་ནས་བཟུང་དུར་འཇུག་བྱེད་སྲོལ་ཇེ་ཉུང་དུ་ཕྱིན།
བཞི་བ།དམར་གདུང་།
        དམར་གདུང་ནི་དང་ཐོག་རྒྱ་གར་ནས་དར་བའི་འདས་མཆོད་སྲོལ་ཀ་ཞིག་ཡིན།བོད་དུ་ཆེས་ཐོག་མར་དམར་གདུང་བྱུང་དུས་ནི་དུས་རབས༨པའི་ནང་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་བཏབ་ནས་བོད་དུ་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་ཆེད་དུ་རྒྱ་གར་ནས་མཁན་ཆེན་ཞི་བ་ཚོ་བོད་དུ་གདན་འདྲེན་བྱས།ཁོ་ནི་ཟ་ཧོར་རྒྱལ་པོས་སྲས་ཡིན་ལ་བོད་དུ་ལོ་བཅུ་ལྷག་ལ་སངས་རྒྱས་ཆོས་ཀྱི་མཛད་འཕྲིན་མང་དུ་སྤེལ་མཐར་བོད་དུ་སྐུ་གཤེགས།ཁྲི་སྲོང་ལྡེ་བཙན་གྱི་ཁོར་རྗེས་དྲན་གྱི་ཆེད་རྒྱ་གར་གྱི་སྲོལ་བཞིན་ལྷོ་ཁར་སངས་རྒྱས་ཚེམས་ཀྱི་མཆོད་རྟེན་བཞེངས་ནས་འདས་མཆོད་རྒྱ་ཆེན་སྤེལ།དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་སྔ་བའི་དམར་གདུང་ཡིན་ལ་ད་ལྟའི་བར་ལོ་ངོ༡༣༷༷ལྷག་གི་ལོ་རྒྱུས་ཡོད།དུས་དེ་ནས་བཟུང་དམར་གདུང་དེ་བོད་དུ་སངས་རྒྱས་ཆོས་ཀྱི་དགོངས་པ་རྫོགས་པའི་བླ་ཆེན་དག་གི་ཆེད་སྤྱོད་ཀྱི་འདས་མཆོད་རིགས་ཤིག་ཏུ་ཆགས།《བྱ་གཏོར་ཏེ་བོད་ཀྱི་འདས་མཆོད་རིག་གནས》ནང་དུ་རྒྱལ་དབང་སྐུ་ཕྲེང་ལྔ་བར་ཀི་ཤྲི་ཧན་གྱི་རྒྱབ་སྐྱོར་འོག་ཆོས་སྲིད་ཟུང་འབྲེལ་གྱི་དགའ་ལྡན་སྲིད་དབང་བཙུགས་ལ་ཆོས་དང་སྲིད་ཀྱི་ཆེས་མཐོའི་བདག་པོར་གྱུར།ཁོང་ཉིད་སྐུ་གཤེགས་རྗེས་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་ཞེས་འཁོད་ཡོད།སྔ་གཞུག་ཏུ་རྙིང་མ་བ་དང་།བཀའ་བརྒྱུད་པ།ས་སྐྱ་པ།དགེ་ལུགས་པ་བཅས་གྲུབ་མཐའ་མི་འདྲ་བའི་བླ་མའི་དམར་གདུང་བསྡོམས་པས་སུམ་ཅུ་ལྷག་ཡོད།ལ་ལར་ལོ་ངོ་སྟོང་ལྷག་དང་།མང་ཆེ་བར་ལོ་ངོ་བདུན་བརྒྱའི་ཚུན་གྱི་ལོ་རྒྱུས་མངའ།《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་བཏོད་པ་མཁས་ཆེན་ཁྱུང་བོ་གཡུ་ཁྲི་འདས་རྗེས་སངས་རྒྱས་ཚེམས་ཀྱི་དམར་གདུང་བཞེངས་ཞེས་བཀོད་འདུགགཞན་ད་དུང་གཞིས་ཀ་རྩེ་རུ་མཁས་དབང་བཀྲ་ཤིས་རྡོ་རྗེའི་དམར་གདུང་མཐོང་རྒྱུ་ཡོད།དེ་ལས་དམར་གདུང་ནི་ལོ་སྟོང་གི་སྔ་རོལ་དུ་བྱུང་ལ་རྗེས་སུ་བོད་ཀྱི་བླ་མ་དང་མཁས་ཆེན་ཁོ་ནར་གཏོགས་པའི་འདས་མཆོད་སྲོལ་ཀ་ཞིག་ཏུ་གྱུར།
        ལྔ་བ།ཆུར་གཤེགས་པ།
        བོད་དུ་ཆུར་གཤེགས་པ་ནི་དེ་འདྲའི་རྒྱུན་སྤྱོད་ཆེ་བ་ཞིག་མ་ཡིན་ཏེ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་སྤྲང་པོ་དང་ཡུགས་ས།དྭ་ཕྲུག་བཅས་ཤི་རྗེས་བེམ་པོ་ཆུ་ལ་འདེབས་ཞེས་གསུངས་འདུག
        དེ་ཡང་སི་ཁྲོན་དཀར་མཛེས་ཁུལ་དུ་སྔོན་ཆད་ཆུ་དུར་བྱེད་པའི་སྲོལ་ཡོད་ལ་མི་འདས་རྗེས་ཐོག་མར་བེམ་པོ་ཉིན་གཅིག་ནས་གསུམ་ལྷག་ཏུ་བསྐྱུར་ལ།དེ་ནས་བེམ་པོ་རྡོ་ལ་བཏགས་ནས་ཆུར་འཕེན་པ་དང་ལ་ལས་བེམ་པོ་དུ་མར་གཏུབས་ཏེ་ཆུ་ལ་གཏོར།འདས་པོའི་ཤུལ་རྫས་ཆ་གཉིས་སུ་ཕྱེས་ཏེ་ཆ་གཅིག་ས་གནས་སྲིད་གཞུང་དང་ཆ་གཅིག་ས་དེའི་དགོན་པར་འབུལ་ཟེར།ཡོངས་ཁྱབ་ཀྱིས་བོད་དུ་ཆུ་དུར་ལ་གཙོ་བོ་ཕྱིའི་ཆག་སྒོ་དང་ནད་རིགས་སྣ་ཚོགས་ཀྱིས་ཤི་ན་ད་གཟོད་ཆུ་ལ་འཕེན་པ་དང་།ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་བོད་མིས་ཆུ་དུར་གྱི་འདས་མཆོད་བྱེད་ལ་ལྷག་པར་དུ་ཁོ་ཚོས་དབྱར་ཆུ་རྒྱས་སྐབས་ཆུ་དུར་བྱས་ན་དེ་བྱ་གཏོར་དང་གཉིས་སུ་མེད་པར་འདོད།ཡང་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་བོད་དུ་ཆུ་དུར་ལ་དེ་འདྲའི་མཐོང་ཆེན་བྱེད་ཀྱིན་མེད་དོ།།