ང་ཚོའི་སློབ་གྲྭ།

རྩོམ་པ་པོ།    ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

        ང་ཚོའི་སློབ་གྲྭ་ནི་ཁོད་སྙོམས་ཤིང་ཡིད་དུ་འོང་བའི་སྤང་ཐང་ཞིག་གི་སྟེང་དུ་ཆགས་ཡོད་ཅིང་།  རྒྱལ་ཐང་གྲོང་རྡལ་དང་ང་ཚོའི་སློབ་གྲྭའི་བར་ས་ཐག་ཅུང་རིང་པོ་ཡོད།ང་ཚོའི་སློབ་གྲྭའི་སྔོན་དུ་གཞུང་ལམ་གཅིག་ཡོད།སློབ་གྲྭའི་སྒོའི་གཡས་གཡོན་གཉིས་ལ་བདེ་ཆེན་ཁུལ་མི་རིགས་འབྲིང་རིང་ཆེད་ལས་སློབ་གྲྭ་ཞེས་རྒྱ་ཡིག་དང་བོད་ཡིག་གཉིས་བྲིས་ཡོད།སྒོར་ཡར་འཛུལ་མ་ཐག་སྤང་ནེའུ་གསིང་དང་ལྗོན་ཤིང་མཐོང་ཐུབ་ལ།དམར་མདངས་ལྡན་པའི་དར་དམར་ཡང་མཐུང་ཐུབ།སྒོའི་གཡོན་ནི་བདེ་འཇགས་སྲུང་སྐྱོང་ཁང་ཡིན།སློབ་ཁང་ནང་ནག་པང་མདུན་རྒྱབ་གཉིས་ཡོད་པ་སྟེ།མདུན་གྱི་ནག་པང་ནི་སློབ་ཁྲིད་གནང་ས་ཡིན།རྒྱབ་ཀྱི་ནག་པང་ནི་རི་མོ་དང་སྙན་ངག་འབྲི་ས་ཡིན། 

    སློབ་ཁྲིད་ཐོག་ཁང་གི་བྱང་ཕྱོགས་ནི་ང་ཚོའི་ཟ་ཁང་ཡིན་པ་དང་།ཟ་ཁང་གི་སྟེང་ན་སློབ་གྲྭའི་ལུས་རྩལ་ཁང་ཆགས་ཡོད།  ཟ་ཁང་གི་གཡོན་ནི་རྐང་རྩེད་སྤོ་ལོ་དང་དྲ་འཕེན་སྤོ་ལོ་རྩེད་ས་ཡིན།ཟ་ཁང་གི་མདུན་ནི་སྐྱེས་པའི་ཉལ་ཁང་དང་སྐྱེས་མའི་ཉལ་ཁང་ཡིན།ཡང་མདུན་ནི་དགེ་རྒན་ཚོའི་ཉལ་ཁང་ཡིན་ལ།ཉལ་ཁང་གི་འགྲམ་དུ་ཆུ་ཚོད་འཁོར་ལོ་ཆེན་པོ་ཞིག་ཡོད།ང་ཚོའི་སློབ་གྲྭ་ཡོངས་ལ་བསྡོམས་པས་སློབ་མ་སྟོང་ཕྲག་གཉིས་ལྷག་ཡོད་པ་མ་ཟད།དགེ་རྒན་ཡང་ཧ་ཅང་མང་པོ་ཡོད།སློབ་གྲྭ་ནི་ང་ཚོ་སློབ་མའི་རིག་གནས་སྦྱོང་ས་ཡིན་ལ།ང་ཚོ་སློབ་མའི་ཁྱིམ་ཚང་ཡང་ཡིན།དགེ་རྒན་རྣམས་ཀྱིས་ང་ཚོར་སློབ་ཁྲིད་གནང་བས།ང་ཚོ་མུན་ནག་གི་འཇིག་རྟེན་ནས་འོད་སྣང་ལྡན་པའི་དཀར་གསལ་གྱི་འཇིག་རྟེན་ལ་འཁྲིད་པ་དང་།དགེ་རྒན་ནི་ང་ཚོའི་ཕ་མ་དང་འདྲ།
     ང་ཚོས་དུས་ད་ལྟ་ཉིད་ནས་ཤེས་བྱའི་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས།ཕྱིན་ཆད་རང་ཉིད་ཀྱི་དགེ་རྒན་དང་།རང་ཉིད་ཀྱི་ཕ་མའི་དྲིན་ལན་བཟང་བོ་དེ་ངེས་པར་འཇལ་དགོས་སོ། །