ང་རང་བོད་ཡིག་ལ་དགའ།

རྩོམ་པ་པོ།   ལྷ་མོ།   ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    ང་རང་བོད་ཡིག་ལ་དགའ།    བོད་ཡིག་ནི་རང་མི་རིགས་ཀྱི་ཕ་སྐད་ཡིན་ལ། དེ་ནི་ལོ་ངོ་སྟོང་གཅིག་རིང་གི་སྔོན་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་པ་དང་།   བློན་པོ་ཁོང་གིས་ཚ་གྲང་གི་དཀའ་བ་ཁྱད་དུ་བསལ།  བློ་གྲོས་ཀྱི་དྭངས་མ་ལ་བརྟེན་ནས་བོད་རང་གི་སྐད་གདངས་དང་མཐུན་པའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བཅས་གཏན་ལ་ཕབ་པ་དང།   བོད་ཀྱི་ཡི་གེའི་སྲོལ་ཐོག་མར་གསར་གཏོད་བྱས་པ་རེད།     མེས་པོ་དམ་པ་རྣམས་ཀྱིས་ཡི་གེ་གསར་གཏོད་ཀྱི་ཕྱིར་དུ་རང་ཉིད་ཀྱི་ཚེ་སྲོག་ཀྱང་འདོར་ཐུབ་པ་ཡིན་ན། བོད་ཡིག་འདི་ཉིད་བོད་གངས་ཅན་གྱི་གང་ཟག་ཕོ་མོ་རྣམས་ཀྱིས་གཙིགས་སུ་བཟུང་ནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།ལྷག་པར་དུ་རང་ཉིད་སློབ་མ་ཞིག་ཡིན་པའི་ཆ་ནས་བཤད་ན།  ཐོག་མཐའ་བར་གསུམ་དུ་བདག་གིས་བོད་ཡིག་ལ་སློབ་སྦྱོང་ཡང་དག་པ་བྱེད་བཞིན་ཡོད་ལ།   སེམས་བསམ་པའི་གཏིང་ནས་བོད་ཡིག་ལ་ཤིན་ཏུ་དགའ།    ང་ཚོ་སློབ་གྲོགས་སུ་དང་སུ་ཡིན་རུང་།རང་གི་སྐད་ཡིག་ལ་བརྩི་འཇོག་དང་དོ་སྣང་བྱེད་དགོས་པ་མ་ཟད།  བོད་ཡིག་ལེགས་པོར་སྦྱངས་ནས་དར་སྤེལ་གཏོང་རྒྱུ་ནི་ང་ཚོ་སློབ་མ་ཚོའི་ཕྲག་དུ་བབས་པའི་འགན་ཁུར་ལྗིད་མོ་ཞིག་ཡིན་པ་སྨོས་མ་དགོས་པ་རེད།    ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གསུང་ལས།  མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་འཛིན་རྒྱུ་འདི་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད།    དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་རང་ཚུགས་ཐུབ་རྒྱུའི་རྩ་བའི་མཐུན་རྐྱེན་ཞིག་ཡིན་པ་རེད་ཅེས་བསླུ་བ་མེད་པའི་དམ་ཚིག་གསུང་ཡོད།  འོན་ཀྱང་།  དེང་གི་སྐྱེ་བོ་ལ་ལས་རང་ཉིད་ཀྱི་རིག་གནས་ལ་སྦྱང་རྒྱུ་ལྟ་ཅི།  ཕྱིའི་རིག་གནས་ལའང་མི་སྦྱངས་པར་སྒྱིད་ལུགས་དང་ལེ་ལོའི་ངང་ནས་མཁས་པའི་གོ་འཕང་ཐོབ་འདོད་མཁན་ཡང་མང་བ་རེད།  ངས་བལྟས་ན་དེ་ནི་འཕྲུལ་སྣང་ཁོ་ན་ཞིག་རེད།  མཁས་པ་ཞེས་པ་ནི་དཀའ་སྤྱད་སྡུག་རུས་དང་སློབ་སྦྱོང་ལ་འབད་པ་བྱས་ནས་ད་གཟོད་རང་ཉིད་ཀྱི་ཐོབ་ཐང་མངོན་འགྱུར་བྱུང་བ་ཞིག་ཡིན། ཀྭ་ཡེ་བརྩེ་ལྡན་གྱི་སློབ་གྲོགས་ཚོ། ཕ་སྐད་ནི་རང་ཉིད་ཀྱི་བླ་སྲོག་ཡིན་ལ། རང་ཉིད་ནི་ཕ་སྐད་ཀྱི་བདག་པོ་ཡིན་པས། རང་གི་ཕ་སྐད་གཙིགས་སུ་འཛིན་རྒྱུ་ནི་ལྷག་པར་གལ་ཆེ་བས།  ང་ཚོས་ཕ་མེས་ཡང་མེས་ཀྱིས་གནང་བའི་བསླབ་བྱ་དྲོན་མོ་ལྷག་བསམ་དག་པའི་སེམས་ཁོང་དུ་རྡོ་ལ་རི་མོ་བརྐོས་པ་བཞིན་བཟུང་ནས།  རིན་ཆེན་གསེར་གྱིས་ཀྱང་ཁུག་དཀའ་བའི་རང་གི་ཕ་སྐད་འདི་ལ་གཅེས་སྐྱོང་བྱེད་པར་འོས།