ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

རྩོམ་པ་པོ།   འབྲོག་ཕྲུག  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    བོད་བརྙན་དྲ་བ།


 

ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ལོ་རེ་རེའི་སྤྱི་ཟླ་བརྒྱད་པ་ནས་དགུ་པའི་བར་ཨི་ཐ་ལིའི་ཝེ་ནུ་སི་གླིང་ཕྲན་དུ་སྤེལ་བཞིན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེན་མོ་ཞིག་ཡིན་ལ།  དེ་ནི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ལས་ཆེས་སྔ་ཤོས་ཡིན་ཕྱིར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཀུན་གྱི་ཏོག་ཏུ་འབོད་ཅིང་།  སྤྱི་ལོ་༡༩༣༢ལོའི་ཟླ་བརྒྱད་པར་དབྱི་ཐ་ལིའི་གྲོང་ཁྱེར་ཝེ་ནུ་སི་ནས་ཐོག་དང་པོར་སྤེལ་མགོ་བརྩམས་ཤིང་།  དེར་མཐུད་ནས་༡༩༣༤ལོར་ཐེངས་གཉིས་པ་སྤེལ་བ་ནས་བཟུང་ལོ་རེར་ཟླ་བརྒྱད་པའི་ཟླ་མཇུག་ནས་ཟླ་དགུ་སྟོད་ཀྱི་གཟའ་འཁོར་གཉིས་ཀྱི་དུས་ཡུན་ནང་སྤེལ་རྒྱུ་གཏན་འབེབས་བྱས་པ་རེད།   
       ༡༩༤༣ནས་༡༩༥༤བར་ལོ་གསུམ་རིང་འཛམ་གླིང་འཁྲུག་ཆེན་གཉིས་པས་གོད་ཆག་ཐེབས་ཀྱང་༡༨༤༦ལོར་དམག་འཁྲུག་མཛུག་རྫོགས་རྗེས་གཞི་ནས་སླར་གསོ་ཐུབ། གློག་བརྙན་དུས་ཆེན་དུས་འདིས་གཙོ་བོ་གློག་བརྙན་སྒྱུ་རྩལ་ཆུ་ཚད་མཐོར་འདེགས་གཏོང་རྒྱུར་དམིགས་པ་ཡིན་ལ།  བྱ་དགའི་རྣམ་གྲངས་ལ་གཏམ་རྒྱུད་གློག་བརྙན་རྩེ་གྲ་དང་དངོས་ཞུས་རྩེ་གྲ།  བརྙན་ཐུང་རྩེ་གྲ།  དབྱི་ཐ་ལིའི་གློག་བརྙན།  རྒྱལ་སྤྱིའི་གློག་བརྙན་རྩེ་གྲ་བཅས་དང་།  ད་དུང་འཁྲབ་ཁྲིད་པ་དང་འཁྲབ་གཞུང་། འཁྲབ་སྟོན་པ། བརྙན་ལེན། རོལ་དབྱངས་བཅས་ལའང་ཕུལ་བྱུང་གི་རྟགས་མ་གནང་གི་ཡོད།    བྱ་དགའི་རྟགས་མ་ལ་ཁྱད་པར་ཅན་གྱི་རྟགས་མ་དང་ཕྱོགས་བསྡུས་ཀྱི་རྟགས་མ། མུ་སོ་ལི་ཉེ་(Mussolini)རྟགས་མ་སོགས་མཆིས་པ་ལས་ཆེས་མཐོ་བའི་བྱ་དགའ་མུ་སོ་ལི་ཉི་ཡིན་ཀྱང་།  ༡༩༤༦ལོ་ནས་༡༩༤༨ལོའི་བར་ཆེས་མཐོ་བའི་བྱ་དགར་ཝེ་ནཱ་སི་རྒྱལ་སྤྱིའི་རྟགས་མ་ཞེས་འབོད་པ་ལས་མོ་སོ་ལི་ཉིའི་རྟགས་མ་ཞེས་པ་མིང་གི་ལྷག་མ་ཙམ་རེད།  ༡༩༤༩ལོར་ཧྲིན་མ་ཁི་གསེར་སེང་གི་རྟགས་མ་དང་དངུལ་སེང་གི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་གསར་དུ་བཏོན་ཉིན་ནས་བཟུང་།   ཆེས་མཐོ་བ་ནི་བྱ་དགའི་རྟགས་མ་གསེར་སེང་གི་རྟགས་མ་ཡིན་པར་གཏན་ཆགས་སུ་གྱུར་ནས་འཛམ་གླིང་གློག་བརྙན་ལས་རིགས་ཁྲོད་ཝེ་ནཱ་སི་གློག་བརྙན་དུས་སྟོན་འདི་ལ་ཁྱད་ཆོས་འབུར་དུ་ཐོན་ས་ཞིག་ཡོད་པ་ནི་ནམ་ཡང་རེ་བའི་མིག་འབུར་འཛམ་གླིང་གི་རྒྱལ་སོ་སོའི་གློག་བརྙན་གསར་སློབ་པ་དག་ལ་གཏད་ཅིང་། ཁོ་ཚོས་མཐོང་སྣེ་གསར་བ་དང་ཐབས་རྩལ་ཁྱད་འཕགས་ལས་ཐོན་པའི་གློག་བརྙན་དེ་དག་གི་སྐྱོན་ཕྲ་མོ་ཙམ་ལ་མི་བལྟ་བར། གང་ལ་གསར་གཏོད་ཀྱི་ཆ་མཆིས་ན་གློག་བརྙན་དུས་སྟོན་ལ་བསུས་ནས་སྐུལ་འདེད་གཏོང་བ་དེ་ཡིན།    དུས་སྟོན་འདིར་ལོ་རེ་རེའི་ཁ་གཡང་མི་གཅིག་ཀྱང་དཔྱད་འདེམས་ཀྱི་ཚད་ཐིག་སྒྱུ་རྩལ་རང་བཞིན་གཙོ་བོར་དམིགས་པ་དེ་ལས་མ་འདས་ལ།  གློག་བརྙན་གྱིས་གཟབ་ནན་གྱི་སྒྱུ་རྩལ་ལ་ཞབས་འདེགས་ཞུ་རྒྱུ་རྩ་དོན་དུ་བཟུང་ཡོད།   
      ཝེ་ནཱ་སི་གློག་བརྙན་དུས་སྟོན་དང་འཇར་མན་གྱི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། ཧྥ་རན་སིའི་ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། ཁ་ན་སྒྲའི་ཏོ་རན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།(Toronto International Film Festival)  ཆེ་ཁི་ཡི་ཁཱར་ལོ་ཝེ་ཝ་རི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན(Karlovy Vary International Film Festival)བཅས་ནི་རྒྱལ་སྤྱིའི་གློག་བརྙན་མནའ་འབྲེལ་ཚོགས་པས་ཁས་ལེན་ཐོབ་པའི་རྒྱལ་སྤྱིའི་གློག་དུས་སྟོན་ཆེན་མོ་ལྔ་ཡི་གྲས་ཡིན་ལ།  ཝེ་ནཱ་སི་འཛམ་གླིང་གི་སྒྱུ་རྩལ་གློག་བརྙན་དུས་སྟོན་ཆེན་མོ་བཞི་ཡི་ཡ་གྱལ་ཡང་རེད།