དབུ་ཤོག >> ཏང་གི་ཚོགས་ཆེན་བཅོ་བརྒྱད་པ།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམ་བསྐོ་བྱ་བ་བདེ་བླག་ངང་མཇུག་རྫོགས་པ།
རྩོམ་པ་པོ། མེད། དུས་ཚོད། 2013-03-27 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་འདེམ་བསྐོ་བྱ་བ་དེ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བ་ནས་བཟུང་བཀོད་སྒྲིག་བྱེད་མགོ་བརྩམས་ལ། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བདུན་པའི་ནང་བདེ་བླག་ངང་མཇུག་རྫོགས། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅིན་ཆིན་གྱིས་པེ་ཅིན་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོའི་གནས་ཚུལ་ངོ་སྤྲོད་བྱས། རྒྱལ་ཡོངས་ཀྱི་ཏང་ཡོན་བྱེ་བ་བརྒྱད་ལྷག་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་འོས་སྦྱོར་མིང་འདོན་བྱས་པའི་མི་ས་ཡ་བཞི་ལྷག་ལ་ཡང་ནས་ཡང་དུ་གསོ་སྐྱོང་དང་། རིམ་བཞིན་གྲ་སྒྲིག འདེམས་བསྐོ་བཅས་བྱས་ཏེ་འཐུས་མི་ཉིས་སྟོང་ཉིས་བརྒྱ་དང་བདུན་ཅུ་བདམས་ཐོན་བྱུང་།
        བདམས་ཐོན་བྱུང་བའི་འཐུས་མི་ཉིས་སྟོང་ཉིས་བརྒྱ་དང་བདུན་ཅུའི་ནང་དུ་དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་སྒྲོག རིག་གནས། འཕྲོད་བསྟེན། ལུས་རྩལ་དང་སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་སོ་སོའི་མི་གཏོགས་ཡོད།
        བདམས་ཐོན་བྱུང་བའི་འཐུས་མིའི་ཁྲོད། ཐོན་སྐྱེད་དང་བྱ་བའི་ལས་གནས་སྟེང་གི་ཏང་ཡོན་གྱི་མི་གྲངས་ཇེ་མང་དུ་གྱུར་ཏེ་མི་དྲུག་བརྒྱ་དང་གོ་གཉིས་ཡོད་ལ། བརྒྱ་ཆའི་སུམ་ཅུ་གྲངས་ཆུང་ལྔ་ཟིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་ཇེ་མཐོར་སོང་ཡོད།
        བཟོ་བ་ཏང་ཡོན་གྱི་འཐུས་མིའི་བསྡུར་ཚད་ཅུང་ཇེ་མཐོར་སོང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྐབས་ཀྱི་མི་ང་གཅིག་ལས་མི་བརྒྱ་དང་རེ་དགུ་ལ་འཕར་བ་དང་། བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་ཟིན་ཡོད།
        བུད་མེད་ཏང་ཡོན་དང་། གྲངས་ཉུང་མི་རིགས་ཏང་ཡོན་གྱི་མི་གྲངས་ཇེ་མང་དུ་སོང་ཡོད་དེ། བུད་མེད་ཏང་ཡོན་ལྔ་བརྒྱ་ཉེར་གཅིག་ཡོད་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་ལས་མི་དོན་དྲུག་གིས་མང་ཞིང་། བརྒྱ་ཆའི་ཉེར་གསུམ་ཟིན་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཐུས་མི་ཉིས་བརྒྱ་དང་ཞེ་དགུ་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་ལས་མི་བདུན་གྱིས་མང་བ་དང་། བརྒྱ་ཆའི་བཅུ་གཅིག་ཟིན་ཡོད།
        འཐུས་མིའི་ལོ་ཚོད་ནི་ཚུལ་མཐུན་ཡིན་ཏེ། ཆ་སྙོམས་ཀྱི་ལོ་གྲངས་ང་གཉིས་རེད། ལོ་ན་གཞོན་པའི་ཏང་ཡོན་འཐུས་མི་ཇེ་མང་དུ་གྱུར་བ་དང་། ལོ་སོ་ལྔའི་མན་གྱི་འཐུས་མི་བརྒྱ་དང་བཅུ་བཞི་ཡོད་ལ། བརྒྱ་ཆའི་ལྔ་ཟིན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྐབས་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་འཕར་ཡོད། འཐུས་མིའི་ཁྲོད་དུ་ལོ་ཆེས་ཆེ་བ་ནི་གཅིག་དགུ་བཅོ་ལྔ་ལོར་སྐྱེས་པའི་ཅའོ་རའོ་ཡུས་དང་། ཆེས་ཆུང་བ་ནི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་རྨི་ཉིས་བརྒྱ་ཅན་གྱི་ཕྱེ་ལེབ་ཆུ་རྐྱལ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་ཅའོ་ལིག་ཡུང་ཡིན་ལ། མོ་གཅིག་དགུ་བརྒྱ་དགུ་བཅུ་ལོར་སྐྱེས་པ་རེད།    
        འཐུས་མི་རྣམ་པའི་ཡོན་ཚད་ཅུང་མཐོ་སྟེ།ཆེད་ཚན་ཡན་གྱི་བསླབ་རིན་ལོན་པ་མི་ཉིས་སྟོང་བརྒྱ་དང་ཉེར་གཉིས་ཡོད་ལ། བརྒྱ་ཆའི་གོ་གསུམ་གྲངས་ཆུང་ལྔ་ཟིན།
        ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་བྱ་བར་གོ་རིམ་གཟབ་ནན་གྱིས་བརྩི་སྲུང་བྱས་ཡོད་ལ། གོ་རིམ་གཙོ་བོ་ལྔ་ཡོད་དེ། འོས་སྦྱོར་མིང་འདོན་དང་། རྩ་འཛུགས་ལྟ་བཤེར།ཐོག་དང་པོའི་འཐུས་མི་འདེམ་སྒུག་མི་སྣ་གཏན་ཁེལ་བྱས་རྗེས་ཁྱབ་བསྒྲགས་བྱེད་པ།འདེམ་སྒུག་མི་སྣའི་གྲ་སྒྲིག་གདམ་གསེས།འཐུས་མིའི་ཚོགས་ཆེན་བསྡུ་བ་དང་འཐུས་མིའི་གྲོས་ཚོགས་བསྡུས་ཏེ་འཐུས་མི་འདེམ་བསྐོ་བྱེད་པ་བཅས་ཡོད།
        ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅིན་ཆིན་གྱིས་བཤད་རྒྱུར། འོས་སྦྱོར་མིང་འདོན་ནི་གཞི་རིམ་གྱི་ཏང་རྩ་འཛུགས་ནས་མགོ་བརྩམས་ལ།རིམ་བཞིན་གསོ་སྐྱོང་དང་།རིམ་པ་རེ་རེར་བདམས་པ་ཡིན།ཐོག་དང་པོའི་འདེམསབསྐོ་ནས་གྲ་སྒྲིག་གདམ་གསེས་བྱེད་པར།ས་གནས་ཀྱི་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།རྒྱུན་ལས་ཡོངས་ཀྱིས་འདེམས་ཤོག་འཕངས་ནས་གཏན་ཁེལ་བྱས་པ་ཡིན།འཐུས་མི་འདེམ་བསྐོ་ཡིས་ཆད་ལྷག་བྱེད་ཐབས་སྤྱད་ལ། ཆད་ལྷག་འདེམ་བསྐོ་ཡི་བསྡུར་ཚད་བརྒྱ་ཆའི་བཅོ་ལྔ་ལས་མང་ཟེར།
        ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་ཡིས་ཐོག་དང་པོར་གཏན་ཁེལ་བྱས་དོན།འཐུས་མི་འདེམ་སྒུག་མི་སྣར་ཐོག་མའི་ཆད་ལྷག་ལྟ་ཞིབ་བྱས་པ་དང་།ཏང་ཡོན་མང་ཚོགས་ཀྱིས་འདེམ་སྒུག་མི་སྣར་བཟུང་བའི་སྤྱིའི་ཁས་ལེན་ཚད་ལ་གཙིགས་འཛིན་བྱས་ནས། འཐུས་མིའི་ཆ་རྐྱེན་དང་མི་མཐུན་པ་ལ་འཕྲལ་དུ་སྙོམ་སྒྲིག་བྱས།
        འདེམ་བསྐོའི་གོ་རིམ་ཁྲོད་ཏང་གི་དམངས་གཙོ་དར་སྤེལ་གང་ལེགས་བྱས་པ་དང་།ཏང་གི་ ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམ་བསྐོའི་འོས་སྦྱོར་མིང་འདོན་བྱ་བར་ཞུགས་པའི་ཏང་ཡོན་གྱི་བསྡུར་ཚད་བརྒྱ་ཆའི་གོ་བརྒྱད་ལ་ཐོན་ཡོད།ཏང་གི་ཡིག་ཆ་དང་།ཏང་འཛུགས་བྱ་བའི་དྲ་སྦྲེལ་སོགས་ཀྱི་ཐབས་ལམ་བརྒྱུད་ནས།ཏང་ཡོན་གྱི་བསམ་འཆར་རྒྱ་ཆེར་བསྡུས་ཏེ་ལྟ་སྐུལ་དང་ལེན་བྱས།
        དེ་དང་མཉམ་དུ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམ་བསྐོ་དེ་སྤྱི་ཚོགས་སྤྱི་དམངས་ཡོངས་ལ་ཁྱབ་བསྒྲགས་བྱས་ཡོད་དེ། སྲིད་ཇུས་ཀྱིས་གཏན་ཁེལ་བྱས་པ་དང་། འདེམ་བསྐོ་ཡི་འབྲས་བུ་གང་ཡིན་ཡང་། སྤྱི་ཚོགས་སྟེང་གི་མི་སྣ་ཡོད་ཚད་ཀྱིས་གསར་འགྱུར་སྨྱན་བྱད་དང་། དྲ་འབྲེལ་སོགས་བརྒྱུད་ནས་དུས་ཐོག་ཏུ་འབྲེལ་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ།
        ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མ་ཚོགས་པའི་ཡར་སྔོན་དུ། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བདམས་ཐོན་བྱུང་བའི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། ཆ་རྐྱེན་དང་མཐུན་པའི་འཐུས་མི་དག་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་རེད། སྒྲིག་སྲོལ་ལྟར་ན། ཀྲུང་གུང་ཀྲུང་དབྱང་གིས་ད་དུང་མགོ་ཁྲིད་ཀྱི་གོ་གནས་ལས་བབས་པའི་ཏང་ཡོན་རྒན་པ་འགའ་ཞིག་དམིགས་བསལ་གྱི་གདན་ཞུའི་འཐུས་མིར་བཞག་ནས་ཚོགས་ཆེན་ལ་ཞུགས་སུ་འཇུག་རྒྱུ་རེད།