ཚོགས་ཆེན་བཅོ་བརྒྱད་པའི་ཆེད་བྲིས། རེ་སྒུག་དང་རེ་བ།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        སྤྱི་ཟླ་༡༡པའི་ཚེས་༨ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ཡོད། ཚོགས་ཆེན་བཅུ་དྲུག་པ་སྐོང་འཚོགས་བྱས་ཚུན་གྱི་ལོ་བཅུའི་རིང་གི་འགྱུར་ལྡོག་ཐད། ཧེ་ལུང་ཅང་ནས་ཕེབས་པའི་སོག་རིགས་ཀྱི་འཐུས་མི་ཝང་ཧྲུའུ་ཡོན་གྱིས། ང་རང་ནི་གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན། ཞིང་པ་ཚོ་ཕྱུག་པོ་ཆགས་འདུག་ལ། མང་ཚོགས་ཚང་མས་གུང་ཁྲན་ཏང་ཡག་པོ་འདུག་ཟེར་གྱི་ཡོད། ཏང་གི་དམངས་ཕྱུག་སྲིད་ཇུས་ང་ཚོའི་གཞི་རིམ་དུ་ལག་བསྟར་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
        ཀོང་ཞི་ཀྲོང་རིགས་ཀྱི་འཐུས་མི་ཀྲོ་པའོ་གླེང་ནི་རེ་བའི་སློབ་ཆུང་གི་དགེ་རྒན་ཞིག་ཡིན་པ་དང་། ཁོང་གིས་ལོ་བཅུའི་ནང་གི་འགྱུར་ལྡོག་ཆེ་ཤོས་ནི་སློབ་མ་ཚོས་སློབ་ཡོན་ཙག་ཙིག་ཐད་སེམས་ཁྲལ་བྱེད་མི་དགོས་པ་བཟོས་པ་དེ་རེད་ཅེས་གསུངས་པ་དང་། ཁོང་གིས་རྒྱལ་ཁབ་ནས་གྲོང་གསེབ་ཀྱི་རི་ཁུལ་གྱི་དགེ་རྒན་ཚོའི་ཕན་བདེའི་ཐོབ་ཐང་གནད་དོན་ལ་ཐུགས་ཁུར་དེ་བས་མང་ཙམ་གནང་རྒྱུ་དང་། ཁོང་ཚོས་རྐང་པ་བརྟན་པོ་བཙུགས་ནས་གྲོང་གསེབ་ཀྱི་སློབ་གསོའི་ལས་དོན་བསྒྲུབས་ཆེད་ཐོབ་ཐང་ལེགས་སུ་ཤུགས་ཆེ་ཙམ་གཏོང་རྒྱུའི་རེ་སྒུག་གནང་གི་ཡོད་པ་རེད།
        ཧྥུ་ཅན་ཧྲེ་རིགས་ཀྱི་འཐུས་མི་ལན་ཀྲེན་གྱིས། དེ་རིང་གནམ་གཤིས་ཧ་ཅང་ཡག་པོ་འདུག ང་ཚོའི་སེམས་པ་ཡང་དེ་དང་འདྲ་བར་ཧ་ཅང་སྐྱིད་པོ་འདུག ངས་ཐེངས་འདིའི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་དམངས་ཕན་སྲིད་ཇུས་དེ་བས་མང་ཙམ་བཏོན་ཏེ། ང་ཚོ་མང་ཚོགས་ཚོའི་འཚོ་བ་དེ་བས་སྐྱིད་པ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངས་སླད་ཕྱིན་ལོ་བཅུའི་ནང་ང་ཚོའི་སློབ་གསོའི་འདྲ་མཉམ་དང་སློབ་གསོའི་ཐོན་ཁུངས་ཆ་སྦྱོར་ལེགས་བཅོས་ཐད་འགྱུར་ལྡོག་དེ་བས་ཆེ་བ་ཡོང་རྒྱུ་དང་། ལྷག་པར་དུ་རྗེས་ལུས་ཀྱི་ས་ཁུལ་ཁག་ཅིག་ཏུ་རྣམ་པ་གསར་རྐྱང་ཐོན་ངེས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཏང་གིས་མི་རིགས་ས་ཁུལ་གྱི་གོང་འཕེལ་ལ་དོ་ཁུར་གནང་བ་དེས་ང་རང་ལ་དྲོ་སྐྱིད་ཆེན་པོ་ཚོར་བྱུང་ཞེས་གསུངས་ཡོད་པ་རེད།
        མཚོ་སྔོན་ནས་ཕེབས་པའི་ཧུའེ་རིགས་ཀྱི་འཐུས་མི་ལོ་ཀུའེ་ཧྭ་ཡིས། སྙན་ཞུའི་ནང་དོན་ནི་དངོས་གཉེར་གྱི་ཁྱད་ཆོས་ཆེན་པོ་ལྡན་པ་དང་། བདེན་པ་བདེན་ཐུབ་ཅིག་ཡིན་པ་མ་ཟད་། དེའི་སྔོན་མཐོང་རང་བཞིན་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་སོགས་ཚང་མ་ཧ་ཅང་ཁ་གསལ་པོ་འདུག་པས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་བྱུང་། དེ་ནི་མི་རིགས་ཁག་གིས་ལག་གདང་མཉམ་སྦྲེལ་གྱིས་མདུན་བསྐྱོད་བྱ་རྒྱུར་ཕན་ཐོགས་ཡོད་པའི་སྙན་ཞུ་ཡག་པོ་ཞིག་རེད་འདུག་ལ། ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་མཁན་གྱི་དར་ཆ་ཡག་པོ་ཞིག་རེད་ལ། དེ་དང་ཆབས་ཅིག་ང་ཚོའི་ཀྲུང་གོ་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུ་དང་། མ་འོངས་ཕྱོགས་སུ་བསྐྱོད་རྒྱུའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡག་པོ་ཞིག་ཀྱང་རེད་ཅེས་གསུངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།