དབུ་ཤོག >> ཏང་གི་ཚོགས་ཆེན་བཅོ་བརྒྱད་པ།
བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་དགོས།
རྩོམ་པ་པོ། མེད། དུས་ཚོད། 2013-03-27 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན། (གནད་བསྡུས)


        འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་བཅུའི་གཞི་རྩའི་ཕྱོགས་སྡོམ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་བཅུའི་གནས་ཚུལ་ཕྱོགས་བསྡོམས་བྱས་ཚུལ་ངོ་སྤྲོད་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནི་རང་རྒྱལ་འདི་ཉིད་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་རིམ་དུ་སླེབས་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་རེད། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བྱེད་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། སྒྱུར་བཅོས་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་བློ་རྩ་བརྟན་པོའི་སྒོ་ནས་མདུན་སྐྱོད་བཅས་བྱས་ཏེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་བྱ་དགོས་པ་འདི་རེད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཚོགས་ཆེན་བཅུ་བདུན་པ་འཚོགས་པ་ནས་བཟུང་གི་ལོ་ལྔ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་སྟོབས་ཆེན་པོས་མདུན་དུ་སྐྱོད་པའི་ལོ་ལྔ་ཡིན་པ་དང་། ང་ཚོས་དཀའ་ངལ་དང་ཉམས་ཉེན་སྣ་ཚོགས་ཉམས་སད་ཐེག་སྟེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་བླངས་པའི་ལོ་ལྔ་རེད། ལོ་ལྔའི་རིང་ཕྱོགས་གང་ཅིའི་ལས་དོན་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་རེད། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཅུང་མགྱོ གས་པོ་བྱུང་བ་དང་། སྒྱུར་བཅོས་སྒོ་འབྱེད་འཕེལ་རྒྱས་གལ་ཆེན་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པའི་གོམ་སྟབས་གསར་པ་སྤོས་པ། རིག་གནས་དར་རྒྱས་སྐས་རིམ་གསར་པར་འཛེགས་པ། སྤྱི་ཚོགས་ལེགས་སྐྱོང་སྔར་མེད་ཡར་རྒྱས་བྱུང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་བཏོད་པ། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་སྒྲུབ་ཤུགས་སྔར་བས་ཆེ་རུ་བཏང་བ། ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད།
        ལོ་ལྔའི་རིང་ལ་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་སྔོན་ཐོན་རང་བཞིན་ལེགས་སྤེལ་ལ་མུ་མཐུད་དེ་སྐུལ་སྤེལ་བཏང་བ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ལེགས་སྤེལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་ལ་ཏང་ལེགས་སྐྱོང་དང་སྒྱུར་བཅོས་སྒོ་འབྱེད་ཀྱི་གོམ་སྟབས་གསར་པ་གལ་ཆེན་སྤོས་པ་རེད།ཏང་ནང་གི་དམངས་གཙོ་སྔར་ལས་རྒྱ་བསྐྱེད་བཏང་ཡོད། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། ཤེས་ལྡན་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་རེད། སྔོན་ཐོན་དང་དཔེ་བཟང་བརྩོན་ལེན་གྱི་བྱེད་སྒོ་དང་སློབ་སྦྱོང་བྱེད་པའི་ཏང་རྩ་འཛུགས་ལེགས་སྐྱོང་གཏིང་ཟབ་བྱས་པ་དང་གཞི་རིམ་ཏང་རྩ་འཛུགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་རེད། ཏང་སྲོལ་དང་སྲིད་དོན་གཙང་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད།
        ང་ཚོའི་ལས་ཀའི་ཁྲོད་དུ་མི་འདང་བ་མང་པོ་ཡོད་པ་དང་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་སྔར་བཞིན་དཀའ་ངལ་དང་གནད་དོན་མི་ཉུང་བ་ཡོད་པ་དུས་མཚུངས་སུ་ང་ཚོས་རིག་པ་དྭངས་གསལ་གྱིས་ཤེས་པར་བྱེད་དགོས། འཕེལ་རྒྱས་དོ་མི་མཉམ་པ་དང་། མཐུན་སྦྱོར་མེད་པ། རྒྱུན་མཐུད་མི་ཐུབ་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་གནོད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཅུང་མང་བ།གྲོང་ཁྱེར་དང་གྲོང་གསེབ་དབར་ས་ཁོངས་འཕེལ་རྒྱས་ཀྱི་ཁྱད་པར་ཆེ་བ་དང་གྲོང་མིའི་ཡོང་འབབ་བགོ་ཤའི་ཁྱད་པར་སྔར་བཞིན་ཆེ་བ།གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ནུས་མེད་ཉམས་ཞན་ཡིན་པ། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཕུགས་འདུན་དད་སེམས་ལ་འགྱུར་བ་བྱུང་བ།དམིགས་ཡུལ་གྱི་འདུ་ཤེས་ཞན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པ། རྒྱས་སྤྲོས་ཆུས་ཟོད་ཀྱི་སྣང་ཚུལ་ཚབས་ཆེ་བ་བཅས་དང་ལྔ། ཁྱབ་ཁོངས་ཁ་ཤས་སུ་སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་ཐོན་སླ་བ་དང་ཐོན་མང་བས་རུལ་རྒོལ་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་དྲག་པོ་ཡིན་པ་དང་དྲུག་བཅས་རེད། དཀའ་ངལ་དང་གནད་དོན་དེ་རིགས་ལ་ང་ཚོས་ངེས་པར་དུ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ཐག་གཅོད་སྔར་བས་ནན་པོ་བྱ་དགོས།
        ལོ་བཅུའི་རིང་གི་ལས་དོན་ལ་ཕྱོགས་སྡོམ་གནང་སྐབས་ཧུའུ་ཅིན་ཐའོ་ཡིས་གསུང་དོན། ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་དང་བཀོལ་སྤྱོད་ཡག་པོར་བྱས་པས།འགྲན་སློང་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐུལ་སྤེལ་བཏང་བ་རེད།
        ཁོང་གིས་གསུངས་དོན། ལོ་བཅུའི་རིང་ལ་ང་ཚོར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་སྟེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་བས། རྒྱལ་ཁབ་ཀྱི་རྣམ་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་ལྡོག་གསར་པ་བྱུང་བ་རེད།
        ལོ་བཅུའི་རིང་གི་འབད་འཐབ་བྱེད་རིམ་ཕྱོགས་སྡོམ་བྱེད་དུས་གལ་ཆེ་ཤོས་ནི་ང་ཚོས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན་བཅས་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལག་ལེན་གྱི་རྨང་གཞིའི་ཐོག་གཞུང་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་ཕོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་ཕན་ཚུན་ཟུང་འབྲེལ་དམ་པོ་དང་ཕན་ཚུན་འབྲེལ་མཐུད་བྱེད་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་གྲུབ་པ་དང་ལག་ལེན་མཐར་ཕྱིན་བསྟར་བ་དེ་རེད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་མར་ཁེ་སི་རིང་ལུགས་དེ་དེང་རབས་ཀྱི་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཕན་ཚུན་ཟུང་འབྲེལ་བྱས་པའི་ཐོན་དངོས་ཡིན་པ་དང་། འཕེལ་རྒྱས་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཅིག་སྡུད་ཀྱིས་མཚོན་པ་ཞིག་ཡིན་ཞིང་།གནས་བབ་གསར་པའི་འོག་འཕེལ་རྒྱས་ཇི་འདྲ་ཞིག་ཡོང་བར་བྱ་རྒྱུ་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེ་རིགས་ལ་ཚན་རིག་ཐོག་ནས་ལན་གསར་པ་བརྒྱབ་ཡོད་པས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་ཐད་ཀྱི་ང་ཚོའི་ངོས་འཛིན་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་བ་དང་།དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་ཞིག་བཏོད་ཡོད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་འབྲས་གསར་རྐྱང་ཞིག་དང་།ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་བློ་རིག་གི་ཉིང་བཅུད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་ལ་སློབ་སྟོན་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ལྡན་བཅས་ཡིན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་འདི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན་བཅས་པ་ལྷན་གཅིག་ཏུ་ཏང་གིས་དུས་ཡུན་རིང་པོར་ངེས་པར་རྒྱུན་འཁྱོངས་བྱ་དགོས་པའི་སློབ་སྟོན་བསམ་བློ་རེད།
        འབྱུང་འགྱུར་ལ་ཁ་གཏད་ཚེ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་འཕྲལ་ཕུགས་གཉིས་ཀའི་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་གལ་ཆེན་ལྡན་པས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་འདི་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་རིམ་ཡོངས་ལ་ངེས་པར་དུ་ལག་བསྟར་མཐར་ཕྱིན་བྱེད་ཅིང་། ཏང་ལེགས་སྐྱོང་བྱེད་ཕྱོགས་ཡོངས་སུ་མཚོན་པར་བྱ་དགོས།ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་དོན་གནད་དང་པོར་བརྩིས་ཏེ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་མི་གཙོ་བོར་འཛིན་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལྟེ་བའི་ལངས་ཕྱོགས་སུ་བཟུང་སྟེ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་གཞི་རྩའི་བླང་བྱར་བརྩིས་ཏེ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་རྩ་བའི་ཐབས་ཤེས་ཤིག་ཏུ་བརྩིས་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན།བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད།བདེན་འཚོལ་དོན་གཉེར་བཅས་བྱ་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་དགོངས་དོན་གྱི་ངོ་བོ་མངོན་པར་གསལ་བ་ཞིག་ཡིན།ལག་ལེན་དངོས་ཀྱི་འཕེལ་རྒྱས་དང་། བདེན་དོན་དངོས་འཛིན།གཞུང་ལུགས་གསར་གཏོད་བཅས་བྱ་རྒྱུ་ནི་རྫོགས་མཐའ་གཏན་ནས་མེད་པ་ཞིག་ཡིན་པས།ཏང་ཡོངས་ཀྱིས་ངེས་པར་དུ་ལག་ལེན་བྱེད་ཕོད་པ་དང་། འཕོ་འགྱུར་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས་བྱ་དགོས་པ་དང་། དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་ཁོང་དུ་ཆུད་པ་དང་།མི་དམངས་ཐུན་མོང་གི་རེ་འདོད་དང་མཐུན་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འཚོལ་ཞིབ་དང་ཁོང་དུ་ཆུད་པར་བྱེད་པ།ཏང་སྐྱེ་སྟོབས་དཔལ་འབར་དང་རྒྱལ་ཁབ་གོང་སྤེལ་གྱི་སྒུལ་ཤུགས་ནམ་ཡང་སྲུང་འཛིན་བྱས་ཏེ་ཏང་དང་མི་དམངས་ཀྱིས་གསར་སྐྲུན་རང་བཞིན་ལྡན་པའི་ལག་ལེན་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་མདུན་ལྗོངས་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་སྟོབས་ཤུགས་གང་ཡོད་བཏོན་ནས་གསར་གཏོད་བྱ་དགོས།


        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་འབྱེད་སྒོ་ཀུན་ནས་ཟབ་སྤེལ་བྱེད་པའི་དམིགས་ཚད།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་བསྟན་དོན། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཆེན་པོར་ཕྱོགས་བསྡུས་ཀྱིས་བལྟས་ན།རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་བྱེད་རིན་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་བཟང་པོ་གལ་ཆེན་དང་འཕྲད་ཡོད། ང་ཚོས་འཐབ་ཇུས་ཀྱི་གོ་སྐབས་བཟང་པོ་གལ་ཆེན་གྱི་གོ་དོན་དང་ཆ་རྐྱེན་གྱི་འགྱུར་ལྡོག་འཕྱུགས་མེད་བརྡར་ཤ་གཅོད་པ་དང་། ཁྱོན་ཡོངས་ནས་གོ་སྐབས་དམ་འཛིན། གཟབ་ལྷིང་ངང་ནས་འགྲན་སློང་ལ་ཁ་གཏད་འཇལ་བ།རང་འགུལ་དང་ཁྱད་ཡོན་འབྱུང་འགྱུར་གསུམ་ཐོབ་པ་བྱས་ཏེ་ཉིས་སྟོང་བརྒྱ་མེད་ཉི་ཤུ་ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་དམིགས་འབེན་མངོན་འགྱུར་ཡོང་བའི་འགན་སྲུང་ཏན་ཏིག་བྱ་དགོས།
        རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་དངོས་ལ་གཞིགས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་བཅུ་བདུན་པའི་ཐོག་གཏན་འཁེལ་བའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་གྱི་རྨང་གཞིའི་ཐོག་བླང་བྱ་གསར་པ་འགྲུབ་གང་ཐུབ་བྱ་དགོས།
        —— དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་ཡར་རྒྱས་གལ་ཆེན་བྱུང་བ་དང་། འཕེལ་རྒྱས་དོ་མཉམ་གྱི་རང་བཞིན་དང་།མཐུན་འགྲིག་གི་རང་བཞིན། རྒྱུན་མཐུད་ཀྱི་རང་བཞིན་བཅས་མངོན་གསལ་ཇེ་ཆེར་སོང་བའི་རྨང་གཞིའི་ཐོག་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཉིས་སྟོང་བརྒྱ་མེད་བཅུ་ལོ་ལས་ལྡབ་གཅིག་འཕར་བ་བྱ་དགོས།
        —— མི་དམངས་དམངས་གཙོ་ཟམ་མི་ཆད་པར་རྒྱ་བསྐྱེད་གཏོང་དགོས།དམངས་གཙོའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཙོའི་རྣམ་པ་སྔར་ལས་ཕུན་སུམ་ཚོགས་པ།བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེ་མོ་ཁྱོན་ཡོངས་ནས་དོན་འཁྱོལ་དང་།ཁྲིམས་སྐྱོང་སྲིད་གཞུང་གཞི་རྩའི་ཆ་ནས་གྲུབ་པ།ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཆེར་གཏོང་བ།འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་ཏན་ཏིག་བཅས་བྱ་དགོས།
        —— རིག་གནས་ཀྱི་འཇམ་ཤུགས་མངོན་གསལ་ཇེ་ཆེར་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་མི་སེམས་སུ་འཇགས་པ་དང་། རིག་གནས་ཐོན་རྫས་སྔར་ལས་ཕུན་སུམ་ཚོགས་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ། རིག་གནས་ཐོན་ལས་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་རྟེན་ཐོན་ལས་སུ་འགྱུར་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས།
        —— མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་བསྒྱུར་བ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་དགོས།དམངས་ཡོངས་ཀྱི་སློབ་གསོ་མྱོང་ཚད་དང་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཚད་མངོན་གསལ་མཐོ་རུ་གཏོང་བ་དང་། ཤེས་ལྡན་རྒྱལ་དྲག་དང་མི་ཤུགས་ཐོན་ཁུངས་རྒྱལ་དྲག་གི་གྲལ་དུ་སླེབས་པ།སློབ་གསོ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བཅས་བྱ་དགོས།ལས་ཞུགས་སྔར་ལས་གང་ལེགས་ཡོང་བ་བྱ་དགོས། ཡོང་འབབ་བགོ་འགྲེམས་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་བྱེད་ཁྱོན་དམངས་ཡོངས་ལ་ཁྱབ་པ་བྱ་དགོས།
        —— ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་འཕེལ་རྒྱས་གལ་ཆེན་ཡོང་བར་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་སྙིང་སྟོབས་དང་བློ་གྲོས་སྔར་ལས་ཆེ་བར་བརྟེན་པ་དང་། གོ་སྐབས་མི་ཤོར་བར་ཁྱབ་ཁོངས་གལ་ཆེན་སྒྱུར་བཅོས་ཟབ་སྤེལ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་དང་ལམ་སྲོལ་བཅས་ཀྱི་གནོད་གཞི་ཐམས་ཅད་གཙང་སེལ་མཐའ་གཅིག་ཏུ་བྱེད་པ།རྒྱུད་ཁོངས་ཆ་ཚང་དང་། ཚན་རིག་དང་ཚད་མཐུན།འཁོར་སྐྱོད་གོ་ཆོད་གསུམ་གྱི་ལམ་ལུགས་དང་མ་ལག་འཛུགས་པ་བཅས་བྱས་ཏེ་ཕྱོགས་གང་ཅིའི་ལམ་ལུགས་སྔར་ལས་འཐུས་ལེགས་དང་སྔར་ལས་གཏན་འཁེལ་ཡོང་བར་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་ལས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་ཞིང་བགོ་འགྲེམས་རྒྱག་སྟངས་སྣ་མང་མཉམ་གནས་ཀྱི་བགོ་འགྲེམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།སྤྱི་ཁོག་སྙོམས་སྒྲིག་མ་ལག་འཐུས་ཚང་དུ་གཏོང་བ།ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ཆེ་བ་དང་སྔར་ལས་ཁྱབ་ཆེར་འདོན་སྤེལ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།དཔལ་འབྱོར་སྔར་ལས་ལས་ཆོད་ཆེ་བ་དང་། སྔར་ལས་དྲང་སྙོམས་ཆེ་བ།འཕེལ་རྒྱས་སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་བསྒྱུར་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། རིམ་གྲས་ཁག་དང་ཁྱབ་ཁོངས་ཁག་ཏུ་གོ་རིམ་ལྡན་པའི་སྒོ་ནས་སྤྱི་དམངས་ཆབ་སྲིད་ལ་ཞུགས་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ལས་དོན་ཁག་ཁྲིམས་སྐྱོང་ཅན་དུ་མངོན་འགྱུར་ཡོང་བ་བཅས་བྱ་དགོས། རིག་གནས་དོ་དམ་སྒྲིག་སྲོལ་དང་རིག་གནས་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཀྱི་རིག་གནས་ཚོང་རའི་མ་ལག་གཞི་རྩའི་ཆ་ནས་འཛུགས་པ།རྒྱལ་ཁབ་ལ་དབང་བའི་རིག་གནས་རྒྱུ་ནོར་དོ་དམ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་དང་གསར་སྐྲུན་ལ་ཕན་པའི་རིག་གནས་འཕེལ་རྒྱས་ཁོར་ཡུག་ཆགས་པར་བྱ་དགོས།ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྤྱི་ཚོགས་དོ་དམ་གྱི་སྒྲིག་སྲོལ་གང་མྱུར་ཆགས་པར་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་དོ་དམ་གྱི་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་སྐྱེས་སྟོབས་ཀྱིས་ཕྱུག་ཅིང་འཆམ་མཐུན་དང་གོ་རིམ་ཡང་ལྡན་པའི་འགན་སྲུང་ཏན་ཏིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་བཅས་བྱ་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུཌ་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་།རྒྱལ་ཁོངས་བར་སྟོང་གསར་འབྱེད་དང་། ཐོན་ཁུངས་གྲོན་ཆུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།མི་དང་རང་བྱུང་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བའི་དེང་རབས་ཅན་འཛུཌ་སྐྲུན་གྱི་རྣམ་པ་གསར་པ་ཆཌ་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་སྒྲུབ་དུས་བཀག་ལྟར་ཐུབ་པར་བྱ་རྒྱུའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་བསྒྲུབས་པ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱ་དགོས། རྒྱལ་ཁབ་ཀྱིས་གྲོང་གསེབ་དང་དབུས་ནུབ་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་དེ་དག་གིས་སྒྱུར་བཅོས་སྒོ་འབྱེད་མགྱོགས་སུ་གཏོང་བ་དང་། འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ།མི་དམངས་ཀྱི་འཚོ་བ་ལེགས་འགྱུར་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྲོད་མུ་མཐུད་མདུན་གྲལ་དུ་བསྐྱོད་དེ་རྒྱལ་ཡོངས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་བར་བསྔགས་སྐུལ་བྱ་དགོས།