གཉེན་བཤད་ཁག་གཅིག

རྩོམ་པ་པོ།   ཚེ་རིང་གིས་བཤད། བསོད་ནམས་ཀྱིས་བསྡུས།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

        དེ་ཡང་རུས་སྦལ་གྱི་སྲིད་ཕུགས་ཤིག་ཞུ་ན།དང་པོ་རླུང་གི་དཀྱིལ་འཁོར་ཆགས།རླུང་གི་དཀྱིལ་འཁོར་སྟེང་ལ་གསེར་གྱི་རྡོ་རྗེ་ཆགས།གསེར་གྱི་རྡོ་རྗེའི་རྒྱ་གྲམ་སྟེང་ལ་མེ་ཡི་དཀྱིལ་འཁོར་ཆགས།མེ་ཡི་དཀྱིལ་འཁོར་སྟེང་ལ་བར་རྡོ་དང་རྡུལ་ཆགས་ཟེར།བར་རྡོ་དང་རྡུལ་གྱི་སྟེང་ལ་རླུང་གི་ཟིལ་བ་དང་མཐའ་ཡི་རྒྱ་མཚོ་ཆགས།མཐའ་ཡི་རྒྱ་མཚོའི་ནང་དུ་མ་གསེར་གྱི་རུས་སྦལ་ཆགས།མ་གསེར་གྱི་རུས་སྦལ་གྱི་སྲིད་ཕུགས་ཤིག་ཞུ་ན།གནའ་སྔ་མོ་ལ་རུས་སྦལ་ཆི་འདྲ་རེད།དུས་དེང་སང་རུས་སྦལ་ཆི་འདྲ་རེད།གནའ་སྔ་མོ་ལ་རུས་སྦལ་དུད་འགྲོ་སྣང་།དུས་དེང་སང་རུས་སྦལ་སེམས་ཅན་སྣང་།སངས་རྒྱས་ཀྱི་བྱིན་རླབས་འབྱུང་ཐལ།མདའ་གཏད་ན་རུས་སྦལ་བྲང་ལ་གཏད།མདའ་ཕོག་ན་རུས་སྦལ་གྱི་སྦོ་ལ་ཕོག མདའ་ཁ་ཤར་ལ་བསྟན་པ་སྣང་།ཤར་ལུས་འཕགས་པོ་ནི་ཤིང་གི་ཁམས།ཤར་ཤིང་ཁམས་ཆགས་པ་དེ་ཡི་དོན།རྟ་ལྕག་ནུབ་ལ་བསྟན་པ་སྣང་།ནུབ་བ་གླང་སྤྱོད་ལ་ལྕགས་ཀྱི་ཁམས།ནུབ་ལྕགས་ཁམས་ཆགས་པ་དེ་ཡི་དོན།རུས་སྦལ་སྒང་ནི་ལྷོ་ལ་བསྟན།ལྷོ་འཛམ་བུ་གླིང་ལ་མེ་ཡི་ཁམས།ལྷོ་མེ་ཁམས་ཆགས་པ་དེ་ཡི་དོན།རུས་སྦལ་སྦོ་སྟོད་གནམ་ལ་བསྟན།གནམ་ཆར་སྤྲིན་རླུང་གསུམ་འཛོམས་པ་དེ་ཡི་དོན།རུས་སྦལ་དཔུང་པ་ས་ལ་བསྟན།ས་རྩི་ཤིང་ནགས་ཚལ་ཆགས་པ་དེ་ཡི་དོན།སྒལ་ཚིགས་སུམ་ཅུ་རྩ་བརྒྱད་བཞེངས་པ་དེ་ཡི་དོན།རྒྱལ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱད་བཞེངས་པ་དེ་ཡི་དོན།སྤྱན་མིག་ཉི་མ་ཟླ་བ་བཞིན།ལམ་རྒྱལ་འབྲུག་བཞེངས་པ་དེ་ཡི་དོན།སྡེར་སྲིན་རྒྱས་དང་མཆེ་བ་རྒྱས།སྡེར་སྲིན་སྲིད་པ་དེ་ཡི་དོན་སྣང་ཞུ་དགོས་ནོ།
        རུས་སྦལ་སྲིད་ཕུགས་ཀྱི་སྲིད་པའི་ལྷ་ཆགས་སྟངས་བསྡུས་པ་ཞིག་ཞུ་ན།གནམ་ལ་མ་ཆགས་དང་པོ་གོང་།ས་ལ་མ་ཆགས་དང་པོ་གོང་།དང་པོའི་ནམ་མཁའ་མ་བྱོན་གོང་།ནམ་ཆེན་འདི་དང་ཀླུ་ཕྱི་མིན་ཕྱི་ཡི་རྒྱ་མཚོ་ཆགས་པ་སྣང་།།བྲག་ཕྱི་དཀར་ཕྱི་ཡི་རླུང་སྤྲིན་ཆགས།ཚོགས་ཚོགས་དང་བར་རྡོ་ཆགས་གསུམ་སྣང་།མ་ས་གཞི་གསལ་བའི་ས་གཞི་ཆགས།ས་གཞི་གསལ་བའི་སྲིད་ཕུགས་སྣང་།ས་འདི་ཐོག་རྩི་ཤིང་ལེགས་མོ་ཆགས།ས་འདི་ཐོག་སྟེང་ལ་རི་ཆགས།རི་འདི་ཐོག་སྟེང་ལ་གླིང་ཕྲན་ཆགས།རི་རྩེ་མོ་ལྷ་ཡི་ཕོ་བྲང་ཆགས།རི་སྤང་སྟོད་ལྷ་མ་ཡིན་ཀྱང་ནི།རི་འོག་ཏུ་ཀླུ་རྒྱལ་ཕོ་བྲང་ཆགས།ལྷ་ཤིང་དེ་དཔག་བསམ་ལྗོན་ཤིང་འཁྲུངས།གནམ་ཨ་སྔོན་དང་པོ་འོད་རེ་གསལ།མཚོ་དང་པོ་འོད་ཀྱིས་ནམ་མཁའ་གསལ།འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་རླབས་མཛད།ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་རྒན་མོ་མཉམ་དུ་གནས།བོད་མིའུ་གདུང་དྲུག་རི་ལ་འཁྲུངས།བོད་མིའུ་གདུང་དྲུག་རི་ལ་ཆགས།མི་དང་པོ་མིའུ་གདུང་དྲུག་སྣང་།ཤིང་དང་པོ་དཔག་བསམ་ལྗོན་ཤིང་སྣང་།ཆོས་དང་པོ་ཤྭཀྱ་ཐུབ་པ་སྣང་།བན་དང་པོ་བཙུན་པ་གཤེན་རབ་རྡོ་རྗེ་སྣང་།བུན་བཙུན་པ་གཤེན་རབ་ཀྱི་གྲོང་གསར་ཆགས།རྒྱ་གར་རྡོ་རྗེ་གདན་ཆགས།ལྷ་ཤིང་བརྒྱ་དང་གསེར་ཤིང་བརྒྱ།གསེར་ཤིང་བརྒྱ་དང་གཡུ་ཤིང་བརྒྱ།ཆོས་དཀར་པོ་ས་སྟེང་འདི་ལ་ཆགས་སྣང་ཞུ་དགོས་ནོ།གསེར་གྱི་ཉི་མ་དེ་གདན་འཁྲིའི་རྩེ།དུང་གི་ཟླ་བ་དེ་སྤྱན་མིག་གསལ།སྐར་མ་སྨིན་དྲུག་རྒྱས་པ་འཚོགས།རྒྱལ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱད་ཀྱི་ལྕགས་རི་སྐོར།
        ཡང་དེ་རིང་དུད་ཚང་ལ་ཆ་བཞག་བྱུང་ན།ཤིང་འབྲས་སྣ་ལྔ་ཡི་མཆོད་པ་བཤམས།དར་རིགས་སྣ་ལྔ་ཡི་གཡང་དར་བསུ།མེ་ཏོག་སྣ་ལྔ་ཡི་མཆོད་པ་བཤམས།ཆེ་རིགས་སྣ་ལྔ་ཡི་མཆོད་པ་བཤམས།དེ་སྐལ་བ་བཟང་དེ་སྐལ་བཟང་མཛད།དཀར་ན་རོ་གནང་བའི་ཁ་བ་མཛད།དུང་རོལ་མོ་མཛད་པའི་སྐྱེ་བ་མཛད་པ་སྣང་ཟེར་ཐལ་ཞུ་རྒྱུ་ཡིན།དུས་དེ་རིང་རྒྱན་པའི་ཉི་མ་མཛད།ལ་བདེ་ཐོག་བདེ་བའི་ལྟ་བ་མཛད།ཆུ་ཆུ་བོ་བདེ་བཅུག་ཉ་སྲམ་མཛད།རི་གླིང་བཞི་གླིང་ཕྲན་དེ་དེ་ཡང་ཆགས།རི་གླིང་བཞི་གླིང་ཕྲན་དེ་དེ་ཡི་གོང་།རི་གླིང་བཞི་སྐོར་བའི་ཉི་ཟླ་ལྔ།ཆར་སྤྲིན་རླུང་གསུམ་འཇའ་སྤྲིན་བཞི།རྒྱལ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱད་ལྷོ་ནུབ་འཁྲུངས་པའི་གཡུ་འབྲུག་རྒྱས་ནོ་ཟེར་ཐལ་ཞུ་དགོས་ནོ།རི་དང་པོ་རི་རྒྱལ་འཛོམས་པ་སྣང་།ཤིང་དང་པོ་དཔག་བསམ་ལྗོན་ཤིང་སྣང་།
        ཡང་བོད་མིའུ་གདུང་དྲུག་གི་གཉེན་དོན་ཐུང་ཐུང་ཞིག་ཞུ་ན།འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་མཛད་ཐལ་ཕ་སྤྲེའུ་བྱང་ཆུབ་སེམས་པ་ཤིང་ལ་སྐྱེས།འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ།མ་བྲག་སྲིན་རྒན་མོ་བྲག་ལ་སྐྱེས།རྗེ་བཙུན་སྒྲོལ་མ་དཀར་མོའི་རྣམ་འཕྲུལ།བོད་མིའུ་གདུང་དྲུག་འོད་ཟེར་ལྷ་ཡི་གདུང་།ཆོས་རྒྱལ་བྱ་ཡི་གདུང་།གླིང་ཁམས་བྱུ་རུ་ཡི་གདུང་།རྟ་སྤྲུལ་ཟེ་བའི་གདུང་།ཁྱི་རྒྱལ་ཀུན་བདེའི་གདུང་།གནས་ཆེན་ཕག་མོའི་གདུང་ཞེས་པ་སོགས་སྣང་ཞུ་རྒྱུ་དགོས་ནོ།    ཡང་བོད་མིའུ་གདུང་དྲུག་གི་གཏམ་རབས་ཐུང་ཐུང་ཞིག་ཞུ་ན།ཕོ་ཐམས་ཅད་འཛམ་གླིང་གི་བདེ་སྐོར་འགྲོ  མོ་ཐམས་ཅད་འཛམ་གླིང་གི་གཡོན་སྐོར་འགྲོ་ཐལ།གནམ་འཁོར་ལོ་རྩིབས་དགུ་ཡིས་གུར་ཕུབ།པད་མ་འདབ་བརྒྱད་ཀྱིས་གདན་བཏིང་།བཀྲ་ཤིས་དར་རྒྱས་ཀྱི་གནས་འདྲ།བྱང་བདེ་རི་ནང་ལ་བདེ་འཛོམས།གཉེན་སྒྲིག་པ་ཟེར་ཐོག་གི་བར་ལམ།  ཁྲིད་པའི་གཉེན་ལམ་གྱི་བར་ལམ་ལ་བཟང་འཛོམས།སྤང་དཀར་པོའི་ཐོག་ལ་བཟང་འཛོམས།བཟང་འཛོམས་འདྲ་ལེའི་བཟང་གཏམ།བཟང་གཏམ་འདྲ་ལེའི་གཉེན་གྱི་དོན་ལ་དེ་འདྲ་ཞིག་འཛོམས་པ་སྣང་ཞུ་དགོས་ནོ།
         བོད་མིའུ་གདུང་དྲུག་གིས་རྒྱས་པའི་རྒྱལ་ཕྲན་བཅོ་བརྒྱད་འཛམ་བུ་གླིང་ལ་ཕར་གྲམ་ནས།བོད་ཀྱི་ཞིང་ཁམས་ནང་ལ་སངས་རྒྱས་ལ་བྱོན་སྔ་བ་དང་ཆོས་བཀོད་སྔ་བ།བསོད་ནམས་འཛོམས་སྔ་བའི་གཏམ་རབས་ཤིག་ཞུ་ན།སྟོད་མངའ་རིས་སྐོར་གསུམ་རྒྱལ་པོའི་སྐུ།བར་དབུས་གཙང་རུ་བཞི་མེ་ཆུའི་སྐུ།སྨད་མདོ་ཁམས་སྒང་དྲུག་རྡོ་རྗེའི་སྐུ།སྟོད་མངའ་རིས་ཡུལ་ལ་གནས་ཆེན་བཞི།བར་དབུས་གཙང་ཡུལ་ལ་ལྷ་ཆེན་བཞི།ཀོང་པོ་རོང་ལ་མི་ཆེན་བཞི།སྟོད་མངའ་རིས་སྐོར་གསུམ་ནས་འབབ་པའི་ཆུ།བར་དབུས་གཙང་རུ་བཞི་ནས་འཐེན་པའི་རྐ།སྨད་མདོ་ཁམས་སྒང་དྲུག་ནས་བཀག་པའི་རྫིང་།དེའི་སྟེང་དུ་གནམ་འདི་ལ་སྐར་མ་སྨིན་དྲུག་འཁྲུངས།དམའ་ས་ལ་ལོ་ཡག་འབྲུ་དྲུག་འཁྲུངས་སྣང་།གསུང་ཆོས་ལ་མ་ནྀ་འབྲུ་དྲུག་འཁྲུངས་སྟངས།བོད་མིའུ་གདུང་དྲུག་འཁྲུངས་སྟངས།གངས་སྟོད་དེ་ཆོས་ཀྱི་རྒྱལ་པོས་བཀོད།གངས་སྨད་དེ་དམྱལ་བའི་ཆགས་ཐབས་སྤྱད།གངས་རི་བདེ་ན་ཞིང་ཁམས་བདེ།ཞིང་ཁམས་བདེ་ན་སེམས་ཅན་བདེ།འཛམ་གླིང་དེ་ས་ཡི་སྐྱེ་བ།རྒྱ་གར་རྡོ་རྗེ་གདན་སྟེང་།བོད་ཡུལ་གྱི་དཀྱིལ་འཁོར་འབྱུང་།སྟོད་ཀྱི་མངའ་རིས་སྐོར་གསུམ་ཆགས།བར་གྱི་དབུས་གཙང་རུ་བཞི་ཆགས།སྨད་ཀྱི་མདོ་ཁམས་སྒང་དྲུག་ཆགས།གནས་ཆེན་ཁ་བ་དཀར་པོའི་དགེ་འདུན་རྣམས་ལ།འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འབྱུང་ཐལ།གནས་ཆེན་ཁ་བ་དཀར་པོ།གནས་བདག་དབུ་རྒྱན་པད་མ།གནས་སྲུང་དཔའ་བོ་དཔའ་མོ།གདན་མཆོག་ཆོས་ཀྱི་ཕོ་བྲང་།ཡང་དེ་རིང་གནས་མཆོག་ཁ་བ་དཀར་པོའི་བྱིན་རླབས་འོག  ཕོ་ཐམས་ཅད་དཔའ་བོ་སྣང་།མོ་ཐམས་ཅད་དཔའ་མོ་སྣང་།འཇིག་རྟེན་གྱི་འགྲོ་འགྲོས་གོ་མི།ཕྱི་མ་ཡི་འགྲོ་འགྲོས་གོ་མི།ལས་ཀྱི་རྒྱུ་འབྲས་གོ་མིའི་བསོད་ནམས་འདི་འདྲ་ཞིག་འཛོམས་པ་སྣང་ཟེར་ཐལ་གཏམ་ཚིག་གསུམ་ཞིག་ཞུ་བཅུག་རོགས།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག   ཡང་དེ་རིང་བག་སྐྱེལ་བླ་མ་ཡི་དམ་ཟེར་དཔེ་ཡོད་རེད།བག་སྐྱེལ་གནམ་གྱི་ལྟ་བུ་ཟེར་དཔེ་ཡོད་རེད་ལས།ཡང་དེ་རིང་བག་སྐྱེལ་ཟེར་བའི་བྱེད་དཀའ་བའི་ས་རྒྱུད་ཅིག་ཡོད་རེད།ཡང་དེ་རིང་པགས་ལུས་རྒྱན་ཆ་འཛོམས་དགོས་རེད།སྲོག་ལུས་དབང་ཐང་འཛོམས་དགོས་རེད།འབྱུང་བ་པར་ཁ་འཛོམས་དགོས་རེད།དུད་ཁ་ཚང་གིས་བཤད་ཐལ་ཟེར་གྲགས་བྱུང་ན།བག་སྐྱེལ་ལ་འགྲོ་རོགས་ཨེ་ཡོད་ཟེར་ན་ཁྲིག་སེ་དཀའ་བ་དང་དུ་ལན་ཏེ།ཨ་རོགས་བུ་ཡི་རོགས་ཡ།ཉག་ཕྲན་མདའ་ལ་ཆ་བཞག་དགོས་ནོ་བསམ་ཐལ།ཡང་བག་སྐྱེལ་བཤད་ཐལ་ཟེར་གྲགས་བྱུང་ན།ལས་སླ་གོ་བདེ་བྱེད་ཐུབ་པ་གང་ཡིན་ལས།འགྲོ་འགྲོས་རྣམ་གསུམ།རྟགས་ཁ་སྒྲིག་ལམ།ལུགས་སྲོལ་སྒྲིག་ལམ་ཟེར་བ་དེ་ཚང་མ་ནོར་མ་དགོས།འཁྲུལ་མ་དགོས་ཐལ་བྱ་ཆེན་མཁའ་ལ་ལྡིང་ན་མེ་སྤུང་རླུང་གིས་མ་སྐྱོད།བྱ་ཁྱུང་བྲག་ལ་འབབ་ན་གཤོག་རྩེ་བྲག་ལ་མ་འཁེལ་ཏེ།ཞག་ལམ་རྟ་ལམ་གྱི་ཐོག་ལ་དབུ་ནག་བོད་ཀྱི་འགྲོ་འགྲོས་རྣམ་གསུམ་ཟེར་དཔེ་ཡོད་རེད།དེ་ནང་བཞིན་གྱི་ལས་རྒྱུ་ཡོད་པའི་བག་སྐྱེལ་རིན་པོ་ཆེ་ལ་བཤད་ཐལ་ཟེར་གྲགས་བྱུང་ན།ཤིན་ཏུ་སྐལ་བ་བཟང་བྱུང་ཟེར་ཐལ་ཞུ་དགོས་ནོ།།དེ་ཡི་སྟེང་དུ་བག་བསུ་ལ་བཤད་ཐལ་ཟེར་གྲགས་བྱུང་ན།དུད་ཁ་ཚང་གི་བག་ཡོད་བག་ཐུང་ཟེར་དཔེ་ཡོད་རེད།ཡང་བག་ཡོད་བག་ཐུང་ཞིག་བྱེད་རོགས་ཨེ་ཡོད་ཟེར་སྣང་ཞུ་ཡང་།དཀའ་བ་ཐམས་ཅད་དཀོན་མ་དགོས།དཀོན་པ་ཐམས་ཅད་གོང་ཐང་ཆེ་མ་དགོས།ཨ་གསར་ལག་ལ་འགག་མ་དགོས།མཐོང་སུ་རྡོ་ལ་ཐོགས་མ་དགོས།སྟོང་སྐུད་མདུད་པ་ལ་མ་འགག་ཐལ།ཡང་ཁྱོད་རྣམ་པ་ཚོ་ཡིས་རེད་ཐལ་ཟེར་གྲགས་བྱུང་ན།བག་བསུ་ཟེར་བ་ལ་བག་བསུ་ཤ་ལྤགས་སྒྲོ་བ་ཟེར་དཔེ་ཡོད་རེད།ཡང་འཇིག་རྟེན་མི་ལུས་རིང་པོ་ཆེ་གདན་འདྲེན་ཞུ་དགོས་པའི་བྱེད་དཀའ་བ་ཡོད་རེད།རིན་པ་གང་ཚད་ཡོད་ཀྱང་ཡོད་རེད་ལས།འབྲས་བུ་ཞིག་རི་ལ་ཡོད་ན་བླངས་སྟབས་མཁས་པའི་མི་ཞིག་དགོས་ཟེར་རེད།འབྲས་བུ་ཁྱིམ་ལ་ཡོད་ན་དེ་བླངས་སྟབས་མཁས་པའི་མི་ཞིག་དགོས་ཟེར།ཡང་བཤད་ཐལ་ཟེར་གྲགས་བྱུང་ན།འགྲོ་མཁས་པ་ཝ་མོ་འདྲ་ལེ་ཡི་བཞེངས་བཞེངས་ཟེར།འདུག་མཁས་པ་རི་བོང་འདྲ་ལེ་ཡི་ཚུགས་ཚུགས་བྱས་ཐལ།ཡང་དེ་རིང་ལྟ་བུ་ཞིག་ལ་ཆགས་བཞག་ཐལ་ཟེར་ན།འཇིག་རྟེན་མི་ལུས་རིན་པོ་ཆེ་དེ་འབོད་རྒྱུ་ཡོད་པ་བག་བསུ་རྣམ་པ་འདྲ་ཆགས་ནོ་ཟེར་ཐལ་ཞིག་ཞུ་དགོས་ནོ།།ཡང་དེ་སྟེང་དུ་བཤད་ཐལ་ཟེར་གྲགས་བྱུང་ན།མགྲོན་ཆེན་རྣམ་པ་ལྷན་ལ་རྒྱས་ཐལ།མགྲོན་ཆེན་འོང་དགོས་ཟེར་གྲགས་བྱུང་ན་རྒྱང་རིང་འདུག་རེད།ཡང་ཉི་མ་སྤྲིན་ཞབས་ཡོད་ཀྱང་དྲོ་དགོས་ནོ་བསམ་ཐལ།ཉེ་བ་ལ་བརྒྱབ་ཡོད་ཀྱང་འཁོར་དགོས་ནོ་བསམ་ཐལ།ཚང་མ་ཡིས་བཤད་དགོས་ཟེར་གྲགས་བྱུང་ན།ཡང་རིང་སྣང་མ་བསམ་ཐུང་སྣང་བསམ་ཐལ།ལ་ཆེན་མོ་ལ་གྱེན་འཛེགས་ཟེར།ཆུ་ཆེན་པོ་ལ་འཕྲད་གཏུབ་ཟེར།ཚང་མ་ཡིས་ཤིང་གཅིག་ལ་འབྱུང་བའི་ལོ་མ་ཡིན་བསམ།བྲག་གཅིག་ལ་འབྱུང་བའི་བ་སྤུ་ཡིན་བསམ་ཐལ།སྔ་སྐྱེས་ཤིང་ཆེན་དེ་ཤིང་ཆེན་གྱི་རྩ་བ་ཡིན།ཕྱི་སྐྱེས་ཕྱི་ཟུག་དེ་རྡོ་ཆེན་གྱི་བ་མོ་བྱས་ཐལ།ཡང་ཚང་མ་འཛོམས་འགྲོ་དགོས་ནོ་བསམ་ཐལ།ཚང་མ་ཡིས་སྤྲིན་དཀར་པོ་ལ་ཚིག་བཙུགས།ས་ནག་པོ་ལ་འདོམ་འཇལ་ཐལ།ཉེ་བ་སྐོར་གསུམ་རྒྱུད་རིགས་སྣ་གསུམ་གྱི་ཤ་ཁྲག་གཅིག་པའི་བུ་སྲིང་རྩ་ཆེ་ནོ་ལོ་རིང་ནོ་བསམ་ཐལ།ཡང་འདིའི་འགྲོ་འགྲོས་བཤད་ཐལ་ཟེར་གྲགས་བྱུང་ན།ཚང་མ་ཁ་ཡིས་དཀའ་གསུམ་མ་བལྟ་ཐལ་དུད་ཁ་ཚང་གིས་དེ་རིང་གཞི་ཆུང་རྩིས་པ་མི་ཚེའི་ལས་ཤིག་སྣང་བསམ་ཐལ།ཉེ་བ་གོང་འོག་མ་ནོར།རྒྱ་སྐད་ལ་ཤར་ལྷོ་མ་ནོར་ཐལ།བྱ་མ་ཡིས་ཀོ་ཀོ་ཟེར་ན་བྱ་ཆུང་གིས་རུབ་རུབ་ལྟ་བུ་བྱས་ཐལ།དེ་ནང་བཞིན་བྱོན་རོགས་ཕེབས་རོགས་བྱས་ཐལ།འདྲ་ཆགས་ནོ་ཟེར་ཐལ་རང་གི་སློབ་སྟོན་དེ་འདྲ་ཞིག་སྣང་ཞུ་དགོས་ནོ།།ཡང་དེ་སྟེང་དུ་ཕ་མ་ལ་བཤད་ཐལ་ཟེར་གྲགས་བྱུང་ན།ཕ་མ་ཡི་དཀའ་བ་བག་ཆུའི་ཚེ་རབས་ཟེར།བུ་སྲིང་གི་དཀའ་བ་ཕ་མའི་དྲིན་དང་དྲིན་ལན་ཟེར།དྲིན་དང་དྲིན་ལན་ཟེར་བ་དེ་རང་ལུས་ཀྱི་ཟམ་པ་བཙུགས་ན་ཡང་བསལ་ཐུབ་པ་ག་ཡོད་རེད་ལས།བུ་སྲིང་ཟེར་བ་དེ་ཟླ་དགུ་ལུས་ལ་བཅུག    ཟླ་དགུ་པང་དུ་གསོ་དགོས་རེད།ཆུང་ཆུང་འབུ་འདྲར་གསོས་ནས་ཆེན་པོ་གཡག་འདྲར་མ་ཆགས་བར་གསོ་དགོས་རེད།ཡང་དེ་ཚང་མ་རྩ་ཆེ་བ་རེད།ཡང་དེ་རིང་ཕ་མ་ཡིས་བཤད་ཐལ་ཟེར་གྲགས་བྱུང་ན།དཀའ་བ་ཐམས་ཅད་དཀོན་མ་དགོས།དཀོན་པ་ཐམས་ཅད་གོང་ཐང་ཆེ་མ་དགོས་པ་བྱས་ཐལ།དུད་ཁ་ཚང་ལ་བཤད་ཐལ་ཟེར་གྲགས་བྱུང་ན།ཉེ་བ་སྐོར་གསུམ་རྒྱུད་རིགས་སྣ་གསུམ་ཟེར་བ་དེ་བར་མེད་འདུག་རེད།ཕ་རྒྱུད་ཐབས་ཀྱི་རྒྱུད་པ།རི་དང་ཕ་ཁུ་མཉམ་ཆགས།ཐང་དང་འཁོར་བ་མཉམ་ཆགས།ཉེ་བ་རྒུན་ཐག་འཁྲིད་འཁྲིད།ཤག་ཕོ་ཡིས་རྣ་རྭ་སྒོར་སྒོར་བྱས་ཐལ།ཡང་རྐ་ཕྲན་གྱི་ནང་ལ་ཆུ་ཁྲིད་སྔ་བ།ཞིང་ཆུ་མའི་ནང་ལ་འབེན་བཙུགས་སྔ་བའི་ས་རྒྱུད་སྣ་གསུམ་ཞིག་སྣང་ཟེར་ཐལ་ཞུ་བཅུག་རོགས།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།