སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབ།

རྩོམ་པ་པོ།    ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        ཕོ་ལོ་སུམ་ཅུ་ཐོན་པའི་དུས་དེ་རིང་།   བསྐྱོད་ཟིན་པའི་ལམ་བུ་རེ་རེ་ལ་ཕྱིར་མདང་རེ་བརྒྱབ་ན།  ཀུན་རྟོག་སེམས་ཀྱི་ངོས་ལ་དགའ་སྐྱོ་ཟུང་ལྡན་གྱི་འཚོ་བ་གང་མང་ཞིག་དྲན་ཡོང་ལ།   དེ་ལས་ཀྱང་ཆེས་བག་ཆགས་ཡོད་ས་ནི་ལྷད་ཀྱིས་མ་གོས་པའི་ཆུང་དུས་ཀྱི་བྱིས་པའི་འཚོ་བ་དེ་རེད།   ནར་སོན་པའི་གོ་རིམ་ཁྲོད།   ཕ་མ་དང་གཉེན་ཉེ།  སྡེ་བའི་ནང་གི་རྒན་རྒོན་ཚོས་མི་ཡ་རབས་དང་གཤིས་རྒྱུད་ལྡན་པ་ཞིག་བྱེད་དགོས་ཚུལ་དང་།  སེམས་ཅན་མ་ལུས་པ་ནི་སྲོག་དང་ལྡན་པས།  དེ་ལ་གནོད་བྱེད་མི་རུང་བའི་སློབ་གསོ་གཏོང་བ་ཡིན།  རིམ་བཞིན་ལམ་བར་ནས་འགྲོ་དུས་སྲོག་ཆགས་གྲོག་མ་ཞིག་ཡིན་རུང་རྐང་པས་འགྲོ་མཚམས་བཞག་ནས་དེ་ལ་གནོད་མི་བྱེད་པ་དང་།   རི་མགོར་ཐོན་དུས་རྩྭ་རྩི་ཤིང་དང་མེ་ཏོག་སྣ་ཚོགས།   ཤིང་སྡོང་གང་རུང་སོགས་སྐྱེ་དངོས་ཐམས་ཅད་ལ་སྲོག་ཡོད་པར་ངོས་བཟུང་ནས་གང་འདོད་དུ་གཏན་ནས་གཏོར་བརླག་མི་བྱེད།   རང་བྱུང་བརྡོལ་བའི་ཆུ་མིག་གི་འགྲམ་དུ་གཅིག་སྐྱག་སོགས་མི་གཙང་བའི་རྫས་མི་གཏོང་ལ།  སྐྲ་དང་རྐང་པ་སོགས་ཀྱང་རྩ་བ་ནས་མི་བཀྲུ་བ་ཡིན།  ད་དུང་ག་ས་གང་དུ་ཁ་ལུད་དང་སྣ་ལུད་སོགས་མི་འཕེན་པར་ཡ་རབས་ཀྱི་གོམ་སྲོལ་བཟང་བོ་ཞིག་རྡོ་ལ་རི་མོ་བརྐོས་པ་བཞིན་ང་ཚོའི་ཁྲག་རྒྱུན་གྱི་སྦུབས་སུ་ཆགས།   སྲོལ་རྒྱུན་གྱི་སློབ་གསོ་ལ་སྐབས་རེར་བལྟས་པ་ཙམ་གྱིས་རྨོངས་པའི་སྲོལ་དུ་འཁྲུལ་བའི་ཆ་ཡང་ཡོད་སྲིད་ཀྱང་།  ཡིན་ཡང་རང་གཞན་མ་ཕྱེས་པར་ཀུན་ལ་འདྲ་མཉམ་དུ་བལྟ་བའི་སེམས་ཁམས་འདི་ནི་ཇི་འདྲའི་ཡ་མཚར་བ་དང་རྗེས་སུ་ཡི་རངས་བྱས་ཆོག་པ་ཅིག་རེད་ཨང་།  དེ་བས་འཚར་ལོངས་བྱུང་རྗེས་ཀྱི་ཁོར་ཡུག་དང་དུས་ཚོད་ནང་དུའང་སེམས་ཁམས་འདིའི་རིགས་ལ་འགྱུར་ལྡོག་འབྱུང་མི་སྲིད་ལ།  འདི་ལྟ་བུའི་སེམས་ཁམས་བཟང་བོ་ཞིག་ཡོད་པའི་རྐྱེན་གྱིས་ང་ཚོ་འཚོ་སྡོད་བྱེད་སའི་ཁོར་ཡུག་གི་སྣོད་བཅུད་འདིའི་མཁའ་དབུགས་གཙང་ཞིང་ནམ་མཁའ་སྔོ་ལ།  ཆུ་མོ་དྭངས་ཤིང་མིའི་སེམས་ཁམས་སྐྱིད་པ་ལོས་ཡིན།   སའི་གོ་ལ་ནི་མིའི་རིགས་ཀྱི་ཁྱིམ་གཞིས་ཡིན་ལ།  ཁྱིམ་གཞི་འདི་སྔར་ལས་མཛེས་ཤིང་མི་དང་རང་བྱུང་ཁམས་མཐུན་པའི་ཆེད་དུ་མི་རང་ཉིད་ནས་མགོ་བརྩམས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གལ་ཆེའོ།།