མི་དང་སློབ་གསོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        ང་ཚོ་འགྲོ་བ་མིའི་རིགས་ལ་སློབ་གསོ་ཟེར་བའི་སྒུལ་ཤུགས་ཤིག་ཡོད་པས་སྲོག་ཆགས་ཀུན་ལས་ཁྱད་དུ་འཕགས།  སློབ་གསོ་ནི་ཡ་རབས་ཀྱི་གཤིས་སྤྱོད་ཅིག་འཚོ་བའི་ནང་གོམས་འདྲིས་སུ་ཆགས་ཏེ་རྒྱུད་ལ་འཇགས་པ་དང་།  ལེགས་ཉེས་དབྱེ་འབྱེད་ཀྱི་ངེས་ཤེས་གསལ་བོ་ལྡན་པ་དེ་རེད།  ཅིའི་ཕྱིར་མི་ལ་གཞན་ལས་ཐུན་མོང་མ་ཡིན་པའི་སློབ་གསོ་ཡོད་ཅེ་ན། མཁས་པའི་གསུང་རྒྱུན་ལྟར།  སྨྲ་ཤེས་ཤིང་དོན་གོ་བ། གང་ཟག་མིའི་མཚན་ཉིད། ཅེས་ལྟར་ཕར་བཤད་གཏམ་གྱི་དོན་གོ་བ་དང་།  ཚུར་བཤད་སྐད་ཆའི་བརྡ་འཕྲོད་པ་ཞིག་ཡིན་པས།  ལེགས་སྤེལ་ཉེས་འགོག་དང་སྙིགས་དོར་བཅུད་ལེན།  བདེན་རྫུན་དབྱེ་འབྱེད་ཀྱི་ཀུན་རྟོག་བསམ་བློའི་འཆར་སྒོ་ལྡན་ཞིང་།  ཕན་ཚུན་ལ་སྐད་བརྡ་ལེགས་པོ་ཞིག་འཕྲོད་ཤེས་པས་དེ་ལྟར་བརྗོད་པར་སྙམ། སྡུག་བསྔལ་དང་སྐྱོ་གདུང་གི་གཡང་སར་ལྷུང་དུས་སློབ་གསོ་ནི་སེལ་བར་ནུས་པའི་སྡོངས་གྲོགས་བྱས་ཆོག   སོམ་ཉི་དང་དོགས་སློང་གི་དྲ་བར་ཚུད་དུས་སློབ་གསོ་ནི་བློ་སྒོ་འབྱེད་པའི་ལྡེ་མིག་བྱས་ཆོག   སྨག་རུམ་གྱི་ཁྲོད་ན་དམིགས་ཡུལ་མེད་པར་འོ་དོད་འབོད་དུས་སློབ་གསོ་ནི་ཆེམ་ཆེམ་དུ་འཕྲོ་བའི་སྒྲོན་མེ་རྐང་གཅིག         འདི་ལྟར་སློབ་གསོས་མི་གཤིས་ལ་ཁ་ལོ་བསྒྱུར་ཏེ་ཤེས་རིག་གི་གོ་རྟོགས་མཐོ་རུ་འདེགས་པ་དང་བསམ་བློ་ཡི་ཁྱེར་སོ་ལེགས་པར་བསྐྲུན་ཕྱིར།  མི་ཞིག་ཡིན་ཕྱིན་ངེས་པར་དུ་ཚང་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ཆ་རྐྱེན་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པར་གདའ།  མཁས་དབང་དམུ་དགེ་བསམ་གཏན་གྱིས།  ཡ་སོ་ལྡན་པའི་ཕྱུགས་ཀྱི་རྣམ་ཐར་དེ་བསྐྱངས་ན༎ རྭ་ཅོ་ལྡན་པའི་གོག་འགྲོའི་སྤུན་ཟླ་རུ་འགྱུར་འགྲོ༎ ཞེས་པ་ནང་བཞིན་ང་ཚོས་ཚན་རྩལ་དང་རིག་གནས་མ་སྦྱང་བར་ནོར་རྗེས་འབྲངས་ནས་ལྟོ་རྒྱབ་ཁོ་ན་ལས་དམིགས་ཡུལ་གང་ཡང་མེད་ན།  ནམ་ཞིག་ལ་ནོར་ལུག་གི་ཟླ་བོར་མི་འགྱུར་བའི་ངེས་པ་མེད།    དེའི་ཕྱིར།  སྐ་རགས་ལྟ་བུའི་སློབ་གསོ་འདི་སྙིང་ལ་བཅངས་ཏེ་སྨིག་རྒྱུ་ལྟ་བུའི་ཞེན་ཆགས་དང་རྒྱང་དུ་གྱེས་ཏེ་མདུན་དུ་བསྐྱོད་དགོས་པ་དང་།   ཕྱི་ནང་གི་རིག་གནས་མང་བོར་འཇུག་ཐུབ་པ་ཡིན་ན།   ང་ཚོ་ལ་སློབ་གསོའི་ཉམས་མྱོང་དང་།   ཤེས་རྒྱ་མང་བོ་ཞིག་བསྐྱེད་ཐུབ་པ་རེད། སློབ་གྲྭའི་སྒོ་མོ་འགྲིམས་ན་སློབ་གསོའི་ཉིང་བཅུད་ཧུབ་ཀྱིས་འཐུང་ཐུབ་པ་དང་།  རྫ་ཆུ་བསིལ་མས་ཁྱོད་ཀྱི་སྐོམ་གདུང་སེལ་ནུས་ན་བརྩེ་སེམས་སློབ་གསོས་ཁྱོད་ཀྱི་རྨོངས་པ་འཇོམས་ནུས།    རིག་པའི་སློབ་གླིང་ནས་ཤེ་བྱའི་གནས་ལ་སྦྱངས་ཆོག་ཅིང་།  ཤེས་བྱའི་ལྡེ་མིག་གིས་ཁྱོད་ཀྱི་མི་ཚེ་གཅིག་གི་བསམ་བློའི་སྒོ་མོ་འབྱེད་སྲིད། 
        སློབ་གསོ་ནི་མི་ཡི་བྱེད་པོ་ཡིན་པས་ཁྱོད་ཀྱིས་རང་ཉིད་ནི་མི་ཞིག་ཡིན་པའི་མཚན་ཉིད་དེ་སྲུང་དགོས་ན་ངེས་པར་དུ་ངང་རྒྱུད་འཇམ་པོ་ཞིག་དང་།  ཤེས་རབ་རྣོན་པོ་ཞིག་གིས་ཤེས་བྱ་གང་མང་གསོག་ཉར་བྱས་ཏེ།  རིག་པའི་ཀློང་རྡོལ་བའི་སྐྱེ་བོ་འཇོན་ཐང་ཅན་ཞིག་འཁྱོངས་བར་ཧུར་ཐག་བྱོས་དང་། གལ་ཏེ་མི་ནི་ས་བོན་ཞིག་ཡིན་ན་སློབ་གསོ་ནི་ཡུར་ཆུ་ཡིན་སྲིད།  མདོར་ན་སློབ་གསོ་ནི་ཡོད་ཚད་ཀྱི་སྒུལ་ཤུགས་ཡིན་ནོ།།