སློབ་གསོའི་ཐབས་ལམ་རྣམ་བཤད།

རྩོམ་པ་པོ།   མེད །   ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སློབ་མའི་སྤྱིའི་རང་བཞིན་གཙོ་ལ་བྱེ་བྲག་གི་ཁྱད་ཆོས་སྣང་མེད་དུ་འཇོག་པ་དང་།འགན་ཁུར་གཙོ་ལ་དབང་ཆ་སྣང་མེད་དུ་འཇོག་པ།དང་ལེན་གཙོ་ལ་རང་ཚུགས་སྣང་མེད་དུ་འཇོག་པ།འགྲིག་ལམ་གཙོ་ལ་ནང་ཤུགས་སྣང་མེད་དུ་འཇོག་པ།ཤེས་བྱ་གཙོ་ལ་རྩལ་ནུས་སྣང་མེད་དུ་འཇོག་པ།ཁྲིད་པ་གཙོ་ལ་སློབ་པ་སྣང་མེད་དུ་འཇོག་པ།རིག་གནས་གཙོ་ལ་སློབ་མ་སྣང་མེད་དུ་འཇོག་པ།འབྲས་བུ་གཙོ་ལ་གོ་རིམ་སྣང་མེད་དུ་འཇོག་པ།རྣམ་པ་གཙོ་ལ་དོན་དངོས་སྣང་མེད་དུ་འཇོག་པ།དཔེ་ཆ་གཙོ་ལ་ཀུན་སྤྱོད་སྣང་མེད་དུ་འཇོག་པའི་“བཅུ་གཙོ་བཅུ་མེད་”ཀྱི་སློབ་གསོ་དབང་བོ་སྐྱོན་ཅན་ལྟ་བུའི་འཇོན་མི་ཙམ་ཞིག་ལས་སྐྱེད་སྲིང་བྱེད་མི་ཐུབ།
      དགེ་རྒན་གྱི་མར་མེས་སློབ་མ་ལ་འོད་སྣང་སྤྲོ་བ་དང་མཉམ་དུ་སློབ་མའི་མར་མེ་རེ་རེས་ཀྱང་དགེ་རྒན་ལ་འོད་སྣང་སྤྲོ་བཞིན་ཡོད།དགེ་སློབ་གཉིས་ཀྱི་བར་ལ་“ཟུང་བཀུར་ཟུང་གཅེས”(互尊互爱)ཀྱི་དགེ་སློབ་འབྲེལ་བ་གསར་བ་ཆགས་དགོས།ལྡེ་མིག་གི་ཚད་གཞི་ནི་སྒོ་ལྕགས་ཀྱི་ཟ་འབྱེད་ཐུབ་མིན་གྱིས་གཏན་འཁེལ་བྱེད་པ་ལས།ཟ་འབྱེད་མི་ཐུབ་པའི་ལྡེ་མིག་དེ་གསེར་གྱི་ལྡེ་མིག་ཡིན་ནའང་ལྡེ་མིག་ཚད་ལྡན་ཞིག་ཡིན་མི་སྲིད་པ་ལྟར་སློབ་མའི་སློབ་དེབ་ཀྱི་བཟང་ངན་ཡང་སློབ་མའི་བློ་སྒོ་འབྱེད་ཐུབ་མིན་གྱིས་ཐག་གཅོད་བྱེད་ཐུབ་པ་རེད། སློབ་མའི་དྲི་བ་ལ་དྲིས་ལན་ངོ་མ་འདེབས་རྒྱུ་མེད་པར་དམའ་འབེབས་དང་།ཟུར་ཟ།མགོ་གནོན་གྱི་དྲིས་ལན་འདེབས་མཁན་ནི་དགེ་རྒན་ཁོག་སྟོང་བུད་པའི་མཚོན་རྟགས་ཤིག་རེད།སློབ་མའི་སློབ་སྦྱོང་གི་ཁུར་བོ་ལྗིད་དྲགས་པ་ནི་དགེ་རྒན་གྱི་ལས་འགན་མ་ཐེག་པའི་མཚོན་རྟགས་གསལ་བོ་ཞིག་རེད།རང་གི་བྱིས་པ་ལ་ཤ་མི་ཚ་བའི་ཕ་མ་ཆེས་ཉུང་ལ།ཤ་ཚ་ཤེས་པའི་ཕ་བ་དེ་བས་ཀྱང་ཉུང་བ་རེད།ཚད་བརྒལ་གྱི་རེ་བ་ནི་བྱིས་པ་ཆེས་སྐྲག་པའི་སེམས་སྟེང་གི་ཁུར་བོ་ལྗིད་མོ་ཞིག་རེད།སློབ་མའི་ཁུར་བོ་ཇི་ལྟར་ལྕི་ན་སློབ་མར་ཤེས་ཡོན་དེ་ལྟར་ཐོབ་པར་རེ་བ་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད།
        སྐད་གཉིས་སློབ་ཁྲིད་ཀྱིས་ཁྲིད་བྱའི་བསླབ་ཁག་དེ་དང་དེའི་སྤུས་ཚད་འཕེལ་རྒྱས་གཏོང་རྒྱུ་ལས་ཁྲིད་བྱའི་ཡོ་བྱད་དུ་གྱུར་བའི་སྐད་གཉིས་འཕེལ་རྒྱས་གཏོང་རྒྱུ་ཙམ་གཏན་ནས་མིན།
གྲངས་རིག་སྐད་གཉིས་སློབ་ཁྲིད་ཀྱི་དམིགས་འབེན་གཙོ་བོ་ནི་སློབ་མའི་གྲངས་རིག་གི་ཤེས་ནུས་རྩལ་གསུམ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པ་ལས།སློབ་ཁྲིད་ཀྱི་ཡོ་བྱད་དུ་གྱུར་པའི་སྐད་གཉིས་འཕེལ་རྒྱས་ཀྱི་ཆེད་ཙམ་གཏན་ནས་མ་ཡིན་ནོ།།
         སློབ་གྲྭ་གང་ཞིག་ཡིན་ནའང་སློབ་གྲྭ་དེ་སྤྱི་ཚོགས་འཕེལ་རྒྱས་དང་མིའི་འཚོ་གནས་ལ་ཡོངས་སུ་འཚམ་མིན་ནི་སློབ་གྲྭའི་ཚེ་སྲོག་དང་སློབ་གྲྭ་དེ་ལས་ཐོན་པའི་སློབ་མའི་མདུན་ལམ་ལ་རག་ལས་ཡོད་པ་ཞིག་རེད། སློབ་གསོ་ནི་དུས་རབས་ལ་ཁ་ཕྱོགས་པ་དང་སྤྱི་ཚོགས་ལ་ཁ་ཕྱོགས་པ།མི་རེ་རེའི་འཚོ་གནས་བཅས་ལ་ཁ་ཕྱོགས་དགོས།  སློབ་གསོའི་བྱ་བ་ཆེ་ཕྲ་གང་ཞིག་ཡིན་ཀྱང་སློབ་གསོའི་ཐུན་མོང་མ་ཡིན་པའི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་ལས་མུན་ནག་མདའ་འཕེན་གྱིས་ཐག་གཅོད་བྱས་ཚེ།མི་རབས་ཤིག་གི་འཕེལ་རྒྱས་ལ་གནོད་ཚབས་ཐེབས་ངེས་རེད།དགེ་རྒན་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་སློབ་ཁྲིད་སྒྱུ་རྩལ་དེས་སློབ་མར་སྤོབས་པ་དང་སྤྲོ་སྣང་འདྲེན་མ་ཐུབ་ན།ཤེས་བྱ་བརྒྱུད་སྤྲོད་བྱས་པ་ཙམ་གྱིས་མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཆ་ཚང་བ་ཞིག་ཏུ་བརྩི་མི་རུང་།དགེ་རྒན་ནི་མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཡིན་པས།སློབ་མའི་མྱུ་གུ་མཐོང་ཚེ་མྱུ་གུ་རྐང་རེ་རེ་བཞིན་སྐྱེད་སྲིང་བྱེད་དགོས་པ་མ་གཏོགས།མྱུ་གུ་འདེམས་གསེས་པ་གཏན་ནས་བྱེད་མི་རུང་།  དགེ་རྒན་བཟང་པོས་སློབ་མར་ཆུང་དུས་ནས་ཤེས་བྱའི་སྒོ་ཆེན་སྣ་ཚོགས་འབྱེད་པའི་ལྡེ་མིག་སྤྲོད་ངེས་རེད། མི་རེ་རེ་གསར་གཏོད་བྱེད་མཁན་དང་།གནས་རེ་རེ་གསར་གཏོད་བྱ་ཡུལ།དུས་རེ་རེ་གསར་གཏོད་གོ་སྐབས།ལས་རེ་རེ་གསར་བཏོད་བྱ་གཞག་ཁོ་ན་རེད།   དུས་རབས་ཀྱིས་སློབ་གསོ་ལ་རེ་བ་གསར་བ་འདོན་བཞིན་ཡོད་ལ།སློབ་གསོས་དགེ་སློབ་གཉིས་ཀྱི་སྤུས་ཚད་ལ་རེ་བ་གསར་བ་འདོན་བཞིན་ཡོད།
བརྡ་འཕྲིན་སློབ་གསོ་ནི་རང་ཉིད་དང་འདྲིས་ཤིང་མཉེས་ཚེ་རྒྱལ་མཚམས་མེད་པའི་ཞིང་ཁམས་ཤིག་རེད་ལ།གྱེས་ཤིང་ཁྲོས་ན་དེ་ནི་ལྕགས་མཁར་མེད་པའི་དམྱལ་ཁམས་ཆེན་པོ་ཞིག་ཀྱང་རེད།
      ཁ་སང་གི་སློབ་གསོ་ནི་དེ་རིང་གི་རྩལ་ནུས་དང་དེ་རིང་གི་རྩལ་ནུས་ནི་སང་ཉིན་གྱི་དཔལ་འབྱོར་ཡིན་སྟབས།དེ་རིང་གི་སློབ་གསོ་མེད་ན་སང་ཉིན་གྱི་དཔལ་འབྱོར་ཡོད་མི་སྲིད་དོ།།
      ཕ་མ་ནི་འཇིག་རྟེན་སྟེང་གི་བློ་སྒོ་འབྱེད་པའི་དགེ་རྒན་ཨང་དང་པོ་དང་ཁྱིམ་ཚང་ནི་བློ་སྒོ་འབྱེད་ཡུལ་གྱི་སློབ་གྲྭ་ཨང་དང་པོ་ཡིན་པས།ཁྱིམ་གྱི་སློབ་གསོ་ལེགས་ཉེས་ཀྱིས་མི་ཚེ་ལ་རྒྱལ་ཕམ་གྱི་ཁ་ལོ་ཐོག་མར་སྒྱུར་བཞིན་ཡོད།ལས་རིགས་ལག་རྩལ་སློབ་གསོ་ནི“ནང་འདྲེན”དང་།“ཕྱི་འདྲེན”“ལས་འཁྱུར་ངལ་གསོ་”སོགས་ཀྱི་འགལ་བ་སྙོམ་སྒྲིག་བྱེད་པའི་ནུས་ལྡན་གྱི་མཚོན་ཆ་ཞིག་རེད།དུས་རབས་དང་འཚམ་པའི་འཇོན་ཐང་མི་སྣར་ལས་འབྱོར་ཐོབ་སླ་ལ་ལས་ཤོར་གྱི་གོ་སྐབས་འབྱུང་བ་ཤིན་ཏུ་དཀོན་ཞིང་ཡོང་འབབ་མཐོན་པོ་ཐོབ་སྲིད་ངེས་རེད།ཡིག་རྨོངས་པ་གཅིག་བྱུང་ན་ཁྱིམ་ཚང་དབུལ་བོ་གཅིག་རེད་ལ།སློབ་ཤོར་བ་གཅིག་བྱུང་ན་ཁྱིམ་ཚང་དཀའ་ཁག་ཅན་གཅིག་རེད།  རྗེས་ལུས་ཀྱི་འདྲ་མཉམ་ལྟ་ཚུལ་ནི་ཕུལ་བྱུང་མགོ་མནོན་བྱེད་པ་དེ་ཡིན་ལ།སྔོན་ཐོན་གྱི་དྲང་འཇོག་བསམ་བློ་ནི་ཕུལ་བྱུང་ལ་ཡར་སྐུལ་བྱེད་པ་དེ་རེད།སློབ་གསོར་གཙིགས་ཆེན་མི་བྱེད་པའི་མི་རིགས་ནི་རྗེས་ལུས་ཀྱི་མི་རིགས་ཤིག་དང་།སློབ་གསོར་གཙིགས་ཆེན་བྱེད་མི་ཤེས་པའི་མི་རིགས་ནི་དབུལ་ཕོངས་ཀྱི་མི་རིགས་ཤིག་ཏུ་འགྱུར་ངེས་རེད།  མིའི་སྤུས་ཚད་དང་ནུས་པ་ཡོད་མེད་ནི་མི་རེ་རེས་མྱངས་པའི་སློབ་གསོ་དེ་མི་རང་ཉིད་ཀྱི་ཁྱད་ཆོས་དང་འཚམ་མིན་གྱི་མཇུག་འབྲས་ཙམ་ཞིག་ཡིན་ཏེ།མིའི་ཁྱད་ཆོས་དང་འཚམ་པའི་སློབ་གསོས་མི་ནུས་མེད་ཅིག་འཇོན་ཐང་ལྡན་པ་ཞིག་ཏུ་གཏོང་ཐུབ་ལ།མིའི་ཁྱད་ཆོས་དང་མི་འཚམ་པའི་སློབ་གསོས་མི་འཇོན་ཐང་ཅན་ཞིག་ནུས་མེད་སྡར་མ་ཞིག་ཏུ་གཏོང་སྲིད།  ལྷན་སྐྱེས་ཀྱི་ཤེས་རབ་ཅན་མང་ནའང་ལྷན་སྐྱེས་ཀྱི་འཇོན་མི་ཤིན་ཏུ་དཀོན་ལ།ང་ཚོས་རྒྱུན་དུ་བཤད་པའི་ལྷན་སྐྱེས་ཀྱི་འཇོན་མི་ཞེས་པ་དེ་དོན་དངོས་སུ་བཤད་ན།ལྷན་སྐྱེས་ཀྱི་ཤེས་རབ་ཅན་+ཕྱིས་བྱུང་གི་ཕུལ་བྱུང་སློབ་གསོ་=ད་གཟོད་ལྷན་སྐྱེས་ཀྱི་འཇོན་མི་ཞེས་པ་དེ་བྱུང་བ་རེད།  གལ་ཏེ་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་བའི་བྱིས་པ་ཞིག་ལ་ཕྱིས་བྱུང་གི་སློབ་གསོ་ཆེས་སྤྱིར་བཏང་བ་ཙམ་ཞིག་ལས་ཐོབ་མ་ཐུབ་ན།མི་སྤྱིར་བཏང་བ་ཙམ་ལས་འབྱུང་མི་སྲིད་ཅིང་།ད་དུང་མི་མ་རབས་ཤིག་ཏུ་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ།ཁ་སང་གི་འཐུས་ཚང་དང་འཕེལ་རྒྱས་ཀྱིས་དེ་རིང་གི་འཐུས་ཚང་དང་འཕེལ་རྒྱས་ཀྱི་ཚབ་བྱེད་མི་ཐུབ་པས།དེ་རིང་ཡང་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས། དུས་རབས་དང་འཚམ་ཚད་མཐོ་དམའ་དེས་རིག་གནས་ཤིག་གི་ཚེ་སྲོག་ནུས་པ་ཐག་གཅོད་བྱེད་བཞིན་ཡོད།  སློབ་གསོ་ནི་མིའི་གཤིས་རྒྱུད་ལེགས་སྒྱུར་གྱི་གོ་རིམ་ཞིག་རེད། སློབ་མ་ལ་ཤིན་ཏུ་སྟབས་བདེ་བའི་སྒོ་ནས་ཆེས་གལ་ཆེ་བའི་གནས་ལུགས་ཤེས་སུ་འཇུག་ཐུབ་པ་མ་ཟད།གནས་ལུགས་དེ་སློབ་མ་རང་གི་དངོས་པོ་ཞིག་དང་རང་གི་གོམས་སྲོལ་ཞིག   རང་གི་སྟོབས་ཤིག་ཏུ་སུས་འགྱུར་བར་བྱེད་ཐུབ་ཚེ།ཁོ་ནི་དེང་རབས་སློབ་གསོ་སྟེང་གི་ས་སྐྱ་པཎ་ཆེན་རེད་སྙམ།  སློབ་གསོ་ནི་བརྩེ་སེམས་ཀྱི་སྒྱུ་རྩལ་ཞིག་ཡིན་པས།བྱིས་པ་ལ་བརྩེ་སེམས་ཡོད་པའི་ཕ་མ་ཡོད་ཚད་སློབ་གསོའི་སྒྱུ་རྩལ་པར་འགྱུར་བའི་ཆ་རྐྱེན་ཚང་ཡོད་པ་རེད།འདས་པའི་“མི་རྒྱུད་”དང“ཁྱིམ་རྒྱུད་བཟང་ངན”ནི་འདས་པའི་ཁྱིམ་ཚང་སློབ་གསོའི་མཇུག་འབྲས་ཁོ་ན་རེད།
      མདོ་དབུས་ཁམས་གསུམ་གྱི་སྐད་ཆ་གང་ཡིན་ཡང་རང་རང་གི་ཡུལ་ལུང་གི་སྐད་ཆ་དེ་དག་ཐེར་བྱས་ཚེ་ད་གཟོད་སྤྱི་སྐད་རང་བཞིན་གྱིས་ཆགས་ངེས་ཡིན་ཏེ།རྒྱུན་དུ་བཤད་པའི་སྐད་ཆ་ˉཡུལ་སྐདˉལུང་སྐདˉའདྲེས་མའི་སྐད་ཆ=སྤྱི་སྐད་ཡིན་པ་ལྟ་བུ་རེད།  འཛིན་གྲྭ་ཅི་ཙམ་དམའ་ན་འཛིན་གྲྭ་དེའི་དགེ་རྒན་གྱི་རེ་བ་དེ་ལས་ལྡོག་སྟེ་ཧ་ཅང་མཐོ་དགོས་པ་རེད།  སྤྱིར་སློབ་གསོ་བྱེད་ཐབས་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་ནི་སློབ་གསོ་བྱ་ཡུལ་གྱི་སློབ་མའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་མིན་ཐག་གཅོད་བྱེད་དགོས།  བྱིས་པའི་སློབ་གསོ་ནི་བྱིས་པ་དངོས་པོ་གང་ལ་དགའ་སྣང་དང་འབྲེལ་འདྲིས་ཡོད་ན་ཐོག་མར་དེ་ནས་མགོ་རྩོམ་དགོས།འཇིག་རྟེན་སྟེང་གི་མི་རེ་རེའི་མི་ཚེའི་རིན་ཐང་རྣམ་པ་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་ནའང་།མི་ཕལ་ཆེ་བས་རང་རང་གི་མི་ཚེའི་མཇུག་འབྲས་ཇི་ལྟར་བྱུང་བ་གཏན་ནས་ཤེས་ཐུབ་ཀྱིན་མེད།  ལྟ་ཚུལ་གྱིས་མི་ཚེ་དང་ཐབས་ལམ་གྱིས་ལས་དབང་ཐག་གཅོད་བྱེད་བཞིན་ཡོད།ལྟ་ཚུལ་ནི་གསར་བཏོད་ཀྱི་དེད་དཔོན་དང་ཐབས་ལམ་གྱི་རྒྱ་ཐིག་རེད་ལ།ཐམས་ལམ་ནི་ལྟ་ཚུལ་གྱི་ཁག་ཐེག་དང་གསར་བཏོད་གྱི་གོ་རིམ་ཁོ་ན་རེད། སྤྱིར་སློབ་གསོ་ནི་བརྩེ་སེམས་ཀྱི་བྱ་འགུལ་ཞིག་དང་འཛུམ་མདངས་ཀྱི་སྒྱུ་རྩལ་ཞིག་རེད།   སློབ་གསོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དང་སྤྱི་ཚོགས་དེའི་སྟེང་གི་མི་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་རྩ་བ་དང་།རྩ་བའི་ཇུས་ཆེན།རྩ་བའི་ཁག་ཐེག་བཅས་རེད། མིའི་སེམས་ཁམས་ཀྱི་ན་ཚ་སྔོན་འགོག་བྱེད་པའི་ཉིན་དང་པོ་ནས་མིའི་རིགས་བདེ་སྐྱིད་ཀྱི་ལམ་ལ་གོམས་པ་དང་པོ་སྤོ་བའི་མགོ་བརྩམས་པ་རེད། དགེ་རྒན་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་སྨན་པ་དང་སློབ་གྲྭ་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་སྨན་ཁང་རེད་ལ།སློབ་ཁྲིད་ཀྱི་གོ་རིམ་རེ་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་བྱ་འགུལ་རེ་རེ་རེད། ང་ཚོས་འཛམ་གླིང་གི་སློབ་གསོའི་མེ་ཏོག་རེ་རེར་རྒྱང་ལྟ་བྱེད་དགོས་ལ།རྒྱལ་ནང་གི་སློབ་གསོའི་འདབ་མ་རེ་རེར་ཟུར་ལྟ་བྱེད་དགོས་པ་མ་ཟད།ཆེས་གལ་ཆེ་བ་ནི་རང་གི་བྱིས་པའི་མྱུ་གུ་རེ་རེའི་ཆོས་ཉིད་ལ་ཞིབ་ལྟ་བྱེད་དགོས།  རྨི་ལམ་ནི་དོན་དངོས་འཚོ་བའི་ཐོག་མའི་མྱུ་གུ་དང་འཇིག་རྟེན་གསར་གཏོད་ཀྱི་གོམ་པ་ཨང་དང་པོ་རེད།  འཛམ་གླིང་གི་ཆེས་ཆེ་བའི་གཏེར་མཛོད་ཆེན་པོ་ཞིག་ཐོབ་པ་ལས་གཏེར་མཛོད་ཆེ་ཕྲ་ཀུན་ལ་དབང་སྒྱུར་བའི་སློབ་གསོའི་ལྡེ་མིག་དེ་ཐོབ་ན་རིན་ཐང་ཆེ་བ་ཡིན།སྒོར་དུང་ཕྱུར་བརྒྱས་ཕུལ་བྱུང་གི་བསམ་བློ་གཅིག་ཉོ་མི་ཐུབ་ལ།ཕུལ་བྱུང་གི་བསམ་བློ་གཅིག་གིས་སྒོར་དུང་ཕྱུར་བརྒྱ་སྐད་ཅིག་དེ་ཉིད་ལ་གསར་སྐྲུན་བྱེད་ཐུབ།སློབ་གཙོ་བཅིངས་འགྲོལ་བྱས་ཚེ་ད་གཟོད་དགེ་རྒན་བཅིངས་འགྲོལ་བྱེད་ཐུབ་ལ།དགེ་རྒན་བཅིངས་འགྲོལ་བྱས་ཚེ་ད་གཟོད་སློབ་མར་བཅིངས་འགྲོལ་ཐོབ་ཐུབ་ངེས་རེད།