ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ་དང་འབྲེལ་ཨུ་རུ་སུའི་ཀྲུང་གོའི་ཡུལ་སྐོར་ལོ་འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།


        ཟླ་3ཚེས་22ཉིན་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཨུ་རུ་སུའི་ཀྲུང་གོའི་ཡུལ་སྐོར་ལོ་འགོ་ཚུགས་མཛད་སྒོར་ཞུགས་ཤིང་།འདི་ནི་ཞིས་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པའི་གནས་ཚུལ་ཡིན་པ།
        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་22ཉིན་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཁག་གི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་པ་རེད།
        ཕུའུ་ཅིང་གིས་ཞིས་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་།ཕུའུ་ཅིང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་སའི་རྒྱལ་ཁབ་ཨང་དང་པོ་དེ་ཨུ་རུ་སུ་བདམས་པ་དེ་ཐོག་ནས་ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་དེ་བཞིན་འབྲེལ་བ་དེའི་དམིགས་བསལ་རང་བཞིན་དང་འཐབ་ཇུས་རང་བཞིན་མངོན་ཡོད།དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་ཞིག་ཡིན་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་གཉིས་པོ་ཕན་ཚུན་གཙོ་གནད་ཆེ་ཤོས་དང་གལ་འགངས་ཆེ་ཤོས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བའི་ཁྱོན་ཡོངས་དང་ཕྱི་ཕྱོགས་འབྲེལ་བའི་ནང་དམིགས་བསལ་གྱི་འཐབ་ཇུས་གནས་བབ་བཟུང་ཡོད།རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་དུས་བབ་དང་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་སྔར་བཞིན་ཛ་དྲག་པོ་ཡོད་པའི་མདུན་དུ་ཀྲུང་གོ་དང་ཨུ་རུ་སུས་ཕྱོགས་མང་པོའི་འཐབ་ཇུས་མཉམ་ལས་ལ་དེ་བས་དམ་ཟབ་ཀྱི་སྒོ་ནས་ཤུགས་སྣོན་རྒྱག་དགོས།ཕྱོགས་གཉིས་པོས་གཙོ་གནད་ཕན་ཚུན་ཆབ་སྲིད་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕར་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་གང་ཐུབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་།ཕར་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ།ཕར་ཕྱོགས་ཀྱི་འཕེལ་རྒྱས་དང་བསྐྱར་དར་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་དང་།དངོས་སྒྲུབ་མཉམ་ལས་སྒོ་ཀུན་ནས་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འབྲེལ་བའི་ལེགས་ཆ་དེ་དོན་དངོས་ཀྱི་གྲུབ་འབྲས་སུ་འགྱུར་བ་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས་པ།རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་དང་དེ་བཞིན་རྒྱལ་སྤྱིའི་འབྲེལ་བ་འཛུགས་པའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།འཛམ་གླིང་དམག་ཆེན་གཉིས་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ།རྒྱལ་སྤྱིའི་དྲང་བཞག་དྲང་བདེན་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་ཡོང་བར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ཐད་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གནང་བར་ཕུའུ་ཅིང་གིས་རྦད་དེ་མོས་མཐུན་གནང་ཞིང་།ཁོང་གིས་ཨུ་རུ་སུ་དང་ཀྲུང་གོས་གནད་དོན་གལ་ཆེན་མང་དག་ཐད་འདོད་ཚུལ་གཅིག་མཐུན་འཛིན་གྱི་ཡོད།རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་།ཐུན་མོང་གི་རྒྱ་ཁྱབ་ཁེ་ཕན།མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་བ་བཅས་ཡོང་རྒྱུར་གཞོལ་བཞིན་ཡོད།ཉེ་བའི་ལོ་ཤས་རིང་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་མྱུར་པོ་བྱུང་བ་དང་།མཐོ་རིམ་དབར་གྱི་གྲོང་འོང་དམ་ཟབ།ཕྱོགས་གཉིས་པོའི་དབར་ཉོ་ཚོང་བྱེད་ཚད་མང་དུ་སོང་བ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཉིན་བཞིན་དམ་ཟབ་བཅས་བྱུང་སྟེ་ཕྱོགས་གཉིས་པོ་དང་དེ་བཞིན་རྒྱལ་སྤྱིའི་ལས་དོན་ཁྲོད་ཆུ་ཚད་མཐོ་བའི་མཉམ་ལས་བྱས་ཡོད།དོན་དངོས་ཀྱི་ཐོག་ནས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་ཡོངས་སུ་འཚམས་ནས་མིག་སྔའི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་པ་ར་སྤྲོད་བྱུང་ཡོད།ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
        ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་ཐད་ཞིབ་དཔྱད་གཏིང་ཟབ་གནང་ཞིང་།ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་།ཧྲང་ཧའེ་མཉམ་ལས་རྩ་འཛུགས།འབོ་གསེར་རྒྱལ་ཁབ་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་དང་།ཁྲའོ་ཞན་ཕྱེད་གླིང་།ཨེ་ཤེ་ཡ་ནུབ་མ།ཨ་ཧྥེ་རི་ཁ་བྱང་མ་བཅས་ཀྱི་དུས་བབ་ཐད་འབྲེལ་གཏུག་དང་མཐུན་སྦྱོར་ཡོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱ་རྒྱུ་རེད།
        ཕྱོགས་གཉིས་པོས《<ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག>ལག་བསྟར་རྩ་གནད(2013ལོ་ནས་2016ལོ་བར》ལ་ཆོག་མཆན་བཀོད་པ་རེད།
        གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《མཉམ་ལས་གཉིས་ཕན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་མ་ཟད།རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཁེ་ལས་དབར་མཉམ་ལས་ཀྱི་ཡིག་ཆ་ཁག་མང་པོར་མིང་རྟགས་བཀོད་པའི་མཛད་སྒོའི་དཔང་པོ་བྱས་པ་དང་དེ་དག་མི་སྣ་འགྲོ་འོང་ཐད་སྟབས་བདེ་དང་།ཁྲིམས་འགལ་གནས་སྤོས་ཡུལ་མིར་རྡུང་རྡེག་གཏོང་བ།ནུས་རྒྱུ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།ས་གནས་ཀྱི་མཉམ་ལས།དངུལ་རྩའི་མ་འཇོགརྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ།ཚེས་22ཉིན་གྱི་དགོང་མོ་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་གི་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཀྲུང་གོའི་ཡུལ་སྐོར་ལོ་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལྷན་དུ་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།
        ཕུའུ་ཅིང་གིས་གསུང་བཤད་གནང་སྐབས་ཨུ་རུ་སུའི་ཀྲུང་གོའི་ཡུལ་སྐོར་ལོ་འགོ་ཚུགས་མཛད་སྒོ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་སྟོན་རྟེན་འབྲེལ་ཞུས་ཤིང་།ཕུའུ་ཅིང་གིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ཀྱིས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཁྲོད་ཧ་ཅང་དམིགས་བསལ་གྱི་གནས་བབ་བཟུང་ཡོད།ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོས“རྒྱལ་ཁབ་ཀྱི་ལོ”དང“སྐད་ཡིག་ལོ”སོགས་ཀྱི་བྱེད་སྒོ་མཉམ་དུ་སྤེལ་བ་ན་ནིང་ཀྲུང་གོའི་ཨུ་རུ་སུའི་ཡུལ་སྐོར་ལོའི་བྱེད་སྒོ་བདེ་བླག་ངང་སྤེལ་ཞིང་།དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་སོང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
        ཕུའུ་ཅིང་གིས་ཀྲུང་གོར་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ཡོད་ཅིང་།ཨུ་རུ་སུའི་སྤྱི་དམངས་ཀྱི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་རྒྱལ་ཁབ་ཆེ་གྲས་ཨང་གསུམ་པ་དེ་ཡིན།རྒྱལ་ཁབ་གཉིས་པོར་ཡུལ་སྐོར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད།ཨུ་རུ་སུའི་ཀྲུང་གོའི་ཡུལ་སྐོར་ལོའི་བྱེད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོང་རྒྱུ་མ་ཟད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱང་ཟབ་ཏུ་ཕྱིན་ནས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རི་ཆུ་མཉམ་དུ་སྦྲེལ་ཡོད་པས་ཁྱིམ་མཚེས་དང་།རོགས་ཟླ།གྲོགས་པོ་བཅས་ཡག་པོ་ཞིག་རེད།ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་སླད་ཕྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་གཙོ་གནད་དུ་བརྩིས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་གོང་མཐོར་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་རྒྱུའི་ཐག་བཅད་པ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཡུལ་སྐོར་ནི་ཤེས་དཔལ་ཁྱབ་སྤེལ་དང་།རིག་གནས་སྤེལ་རེས།མཛའ་གྲོགས་ཟབ་གཏོང་བཅས་ཀྱི་སྦྲེལ་ཟམ་ལྟ་བུ་ཡིན།ཀྲུང་གོ་ནི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ།འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན་པས་ཡུལ་སྐོར་ཐོན་ཁུངས་ཐད་ཁྱད་དུ་འཕགས་པའི་ཆ་རྐྱེན་འཛོམས་ཡོད།ཕྱོགས་གཉིས་པོས་ཡུལ་སྐོར་ལོའི་བྱེད་སྒོ་གཉེར་རྒྱུ་དེ་གོ་སྐབས་སུ་བྱས་ནས་ཡུལ་སྐོར་མཉམ་ལས་དེ་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པར་སྐྱོང་སྤེལ་བྱེད་དགོས་པའི་ཐུགས་རེ་གནང་ཞིང་།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཀྲུང་གོའི་ཡུལ་སྐོར་ལོའི་བྱེད་སྒོ་དེ་དཔྱིད་ཀ་དང་འདྲ་བར་མེ་ཏོག་མཉམ་བཞད་དང་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་བ་མ་ཟད།མགྲོན་འབོད་སྣེ་ལེན་ལ་སེམས་རྩ་འཁོལ་བའི་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཨུ་རུ་སུའི་གྲོགས་པོ་རྣམས་ཀྲུང་གོར་ཡུལ་སྐོར་དུ་ཡོང་ནས་རང་བྱུང་མཛེས་ལྗོངས་ལ་ལྟ་སྐོར་དང་ཀྲུང་ཧྭའི་ཤེས་དཔལ་མྱོང་རོལ་བྱས་ཏེ་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
        འགོ་ཚུགས་མཛད་སྒོ་མ་འཚོགས་གོང་ཕུའུ་ཅིང་གིས་ད་དུང་ཞིས་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་།ཕུའུ་ཅིང་གི་སྐུ་ཟླ་ཕུའུ་ཅིང་ན་ཡིས་ཕིང་ལི་ཡོན་ལ་ཕེབས་རོགས་ཞུས་ནས་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གཟིགས་སྐོར་གནང་བ་རེད།
        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ།ཚེས་23ཉིན་མོ་སི་ཁོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་ཀྲུའུ་ཞི་ན་ལུའེ་ཧྲི་ཅིན་དང་མཇལ་འཕྲད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསར་པ་བདེ་བླག་ངང་ཐོན་ཟིན་པས་རེ་བར་ཕྱོགས་གཉིས་པོས་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ཁྲིམས་འཛུགས་སྒྲིག་གཞིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་གཉེར་ཉམས་མྱོང་ཐད་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ།རིམ་པ་ཁག་དང་མཛའ་གྲོགས་ཚོགས་ཆུང་དང་ལྷག་པར་དུ་གཞོན་ནུ་འཐུས་མི་དང་དབྱི་ཡོན་དབར་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་ཕན་ཚུན་སློབ་སྦྱོང་བྱེད་པའི་དཔྱད་གཞིའི་མེ་ལོང་དུ་འཛིན་དགོས།ཀྲུང་གོ་གུང་ཁྲན་ཏང་དང་ཨུ་རུ་སུའི་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་ཏང་ཤོག་ཁག་ཚང་མས་སྤེལ་རེས་ལམ་སྲོལ་འཛུགས་པ་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་སྲིད་ཏང་སྤེལ་རེས་ལ་སྔར་རྒྱུན་བཞིན་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
        ན་ལུའེ་ཧྲི་ཅིན་གྱིས་དང་ཐོག་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་།ཁོང་གིས་ཨུ་རུ་སུ་དང་ཀྲུང་གོས་རྒྱལ་སྤྱིའི་སྒྲིག་ལམ་སོགས་གནད་དོན་གལ་ཆེན་མང་དག་ཐད་འདོད་ཚུལ་གཅིག་མཐུན་འཛིན་པ་དང་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།