ཀྲུང་གོའི་བསམ་འདུན་འགྲུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

——རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཆེད་བརྗོད།

       མི་དམངས་དུང་ཕྱུར་13གྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་བླ་ན་མེད་པའི་འགན་འཁྲི་ཧུར་ཐག་སྒྲུབ་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་ལ་བླ་ན་མེད་པའི་གུས་བཏུད་ཞུ་རྒྱུ་ཡིན།
       ལོ་བཅུ་ཕྲག་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་དང་མུ་མཐུད་འབད་འཐབ་བྱས་པས་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད་ལ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་བརྗིད་ཉམས་ལྡན་པའི་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད།
       ལོ་རྒྱུས་ཀྱི་འགག་རྩའི་ལྷུ་ཚིགས་ཐོག་གནས་པ་དང་ད་ཐེངས་ཚོགས་ཆེན་གྱི་གྲོས་རིམ་དེ་ཧ་ཅང་གལ་འགངས་ཆེ་ཞིང་།སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།ཚོགས་འདུ་འཚོག་རིང་འཐུས་མི་ཚོས་ཚད་མཐོའི་བདག་པོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཁྲིམས་ལྟར་འགན་དབང་སྤྱད་པས་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་གཏན་འབེབས་ཁག་ལས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་བྱུང་བ་གང་ལེགས་མངོན་ཡོད།ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་ནང་ལོ་ལྔའི་རིང་རང་རྒྱལ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཡོད་ལ་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཡོད།ཚོགས་འདུའི་ཐོག་སྐབས་གསར་པའི་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགོ་ཁྲིད་མི་སྣ་ཁྲིམས་ལྟར་བདམས་པ་དང་བསྐོ་གཞག་བྱ་རྒྱུའི་ཐག་བཅད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ཀྱི་ལས་འགན་མངོན་འགྱུར་དང་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཕྱིར་རྩ་འཛུགས་ཀྱི་འགན་ལེན་ཤུགས་ཆེན་བྱས་ཡོད།དེ་ནི་དམངས་གཙོ་དང་།མཐུན་སྒྲིལ།དོན་གཉེར།འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་ཡིན་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྔར་བས་ལྕག་སྐུལ་དང་སྐུལ་སློང་ཐེབས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་བསམ་འདུན་འགྲུབ་ཕྱིར་འབད་འཐབ་ཧུར་ཐག་བྱེད་ངེས་ཡིན།
       བློ་མཐུན་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་ནས་ལོ་10སོང་རིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཆེད་གཟེངས་སུ་ཐོན་པའི་མཛད་རྗེས་བཞག་ཡོད་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་སྙིང་དབུས་ནས་དགའ་བསུ་ཐོབ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཆེས་མཐོའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ཁྲིམས་འཛུགས་དང་།ལྟ་སྐུལ།ཐག་གཅོད།བསྐོ་འཐེན་སོགས་ཀྱི་འགན་དབང་ཁྲིམས་ལྟར་སྤྱད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལས་ལེགས་ཆ་ཆེན་པོ་དང་དབྱར་མཚོ་རྒྱས་པ་བཞིན་སྐྱེ་སྟོབས་ཀྱི་གསོན་ཤུགས་གང་ལེགས་མངོན་ཡོད།
       ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བ་དེ་ཐོག་ནས་འབད་འཐབ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་མཚོན་ཡོད།ད་རེས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོའི་བསམ་འདུན་འགྲུབ་པ་དང་།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་གཏམ་མཚོན་པ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་པ་བཅས་མཚོན་ཡོད།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་བསམ་འདུན་འགྲུབ་པ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་།མི་རིགས་དར་རྒྱས་ཡོང་བ་བྱེད་པ།མི་དམངས་བདེ་སྐྱིད་ལྡན་པ་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།ཀྲུང་གོའི་བསམ་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་ཐོག་བསྐྱོད་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་སྐྱོད་བྱེད་པ་དང་།ཀྲུང་གོའི་བསམ་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་གོང་འཕེལ་གཏོང་བ།ཀྲུང་གོའི་བསམ་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་དུང་ཕྱུར་13མཐུན་སྒྲིལ་ཆེན་པོ་ལས་འགྲན་ཟླ་བྲལ་ཞིང་།བརྗིད་ཉམས་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས་པ་བཅས་རེད།
       ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་རང་རེའི་ཏང་དང་རྒྱལ་ཁབ་དང་མི་དམངས་ཀྱིས་མཇུག་སྡོམ་གལ་ཆེན་ཞིག་བརྒྱབ་པ་སྟེ།མི་དམངས་དམངས་གཙོ་འགན་ལེན་བྱ་ཆེད་ངེས་པར་དུ་ཁྲིམས་ལུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་།ངེས་པར་དུ་དམངས་གཙོ་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་དུ་འགྱུར་བ་བྱས་ནས་ལམ་ལུགས་དང་བཅའ་ཁྲིམས་དེ་རིགས་འགོ་ཁྲིད་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་མི་གཏོང་བ་དང་འགོ་ཁྲིད་ཀྱི་ལྟ་ཚུལ་དང་དོ་སྣང་བྱེད་ཤུགས་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་མི་གཏོང་བ་བྱ་དགོས་པ་དེ་རེད།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོ་མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པའི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་འགན་ལེན་བྱེད་པ་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཀྱང་རེད།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་།འཐུས་ཚང་ཡག་པོ།འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས།
       ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་ནི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་རེད།འབྱུང་འགྱུར་ལ་ཁ་ཕྱོགས་ནས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་ཆེད་དེ་བས་ནུས་ལྡན་གྱི་ཁྲིམས་ལུགས་ཀྱི་འགན་ལེན་བྱེད་པ་དང་།དབང་ཆ་འཁོར་སྐྱོད་ཚོད་འཛིན་དང་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ་ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་།ཁྲིམས་འཛིན་དུས་ངེས་པར་དུ་ནན་པོ་བྱེད་དགོས་པ།ཁྲིམས་དང་འགལ་ན་ངེས་པར་དུ་རྩད་གཅོད་བྱེད་ངེས་ཡིན་པ་བཅས་ཀྱི་འགན་ལེན་བྱེད་དགོས།འཐུས་མིས་ཁྲིམས་ལྟར་འཐུས་མིའི་ལས་འགན་འཁུར་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་སྐབས་མི་དམངས་འཐུས་ཚོགས་ཞུགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་འགན་ནུས་སྒྲུབ་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་རེད།རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་དོ་དམ་བྱེད་སྐབས་ཁྲིམས་སྐྱོང་གི་གལ་ཆེའི་ནུས་པ་འདོན་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་།ཁྲིམས་སྐྱོང་ནན་པོ་བྱེད་པ།གཞུང་དྲང་གིས་ཁྲིམས་འཛིན།དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་ན་གཞི་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྣམ་པ་གསར་པ་ཞིག་གཏོད་ཐུབ།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པས་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལྷག་བསམ་རྣམ་དག་ངང་དར་སྤེལ་གཏོང་བ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གི་སྒོ་ནས་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་།མི་དམངས་ཀྱིས་རང་ཐག་རང་གཅོད་བྱ་རྒྱུ་འགན་ལེན་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།
       ཀྲུང་གོའི་བསམ་འདུན་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་བསམ་འདུན་རེད།བསམ་འདུན་མདུན་ཕྱོགས་སུ་གནས་པ་དང་།འགྲོ་ལམ་རྐང་འོག་ཏུ་ཡོད།ཀྲུང་གོའི་བསམ་འདུན་མངོན་འགྱུར་བྱེད་པར་ང་ཚོ་མི་ཀུན་གྱིས་མུ་མཐུད་དཀའ་སྤྱད་ངལ་རྩོལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་དང་།ཏན་ཏན་ཏིག་ཏིག་གིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ།བསམ་བློ་གཅིག་ཏུ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་།དཀའ་སྤྱད་འབད་བརྩོན་བྱེད་པ།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་ཀྲུང་གོའི་བསམ་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ཧུར་ཐག་ཐོབ་པ་བྱས་ནས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།