རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད།

རྩོམ་པ་པོ།   དུས་ཚོད།   2013-03-26   རྩོམ་ཁུངས།   

 (2013ལོའི་ཟླ་3ཚེས་17ཉིན) ཞིས་ཅིན་ཕིང་།

       འཐུས་མི་རྣམ་པ།
       ད་རེས་ཀྱི་ཚོགས་ཆེན་ཐོག་ང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་ངས་འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
       རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བླ་ན་མེད་པའི་གོ་གནས་འཁུར་བ་དེའི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པ་ངས་གསལ་པོ་ཤེས་ཀྱི་འདུགངས་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཟོལ་མེད་ངང་སྒྲུབ་པ་དང་།མེས་རྒྱལ་ལ་ལྷག་བསམ་རྣམ་དག་བྱེད་པ།མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ།རང་འགན་གཙང་སྒྲུབ་བྱེད་པ།དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་སྒྲུབ་པ།མི་དམངས་ལ་ཞབས་འདེགས་ཞུ་བ།རྒྱལ་ཁབ་ཆེད་དུ་ནུས་ཤུགས་གང་ཡོད་འདོན་པ།མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་བཅས་བྱས་ཏེ་འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཆེན་པོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན།
       འཐུས་མི་རྣམ་པ།
       ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད།བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོ་དང་།བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པ།བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པ།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བཅས་ཀྱི་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱས་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྒྱལ་བ་དང་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད།
       དེང་སྐབས་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་ལངས་ཡོད།
       བློ་མཐུན་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལོ་10གནང་རིང་ཆབ་སྲིད་ཀྱི་བློ་གྲོས་ཕུན་སུམ་ཚོགས་པོ་དང་།འགོ་ཁྲིད་ཀྱི་འཇོན་ཐང་རྩེར་སོན།འབད་བརྩོན་ཆེ་བའི་ལས་ཀའི་སྙིང་སྟོབས་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་ཆེད་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་གནང་མཛད་པར་བརྟེན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་ཐག་པ་ནས་དགའ་གཅེས་ཞུ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཡོངས་ཁྱབ་ཏུ་ཐོབ་ཡོད།ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
       འཐུས་མི་རྣམ་པ།
       ཀྲུང་ཧྭ་མི་རིགས་ལ་ལོ་5000ལྷག་ཙམ་གྱི་རྒྱུན་མི་ཆད་པའི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པ་དང་རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་བཏོད་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་དུ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།ལོ་སྟོང་ཕྲག་ཁ་ཤས་རིང་གི་འགྱུར་ལྡོག་ཆེ་བའི་ལོ་ཟླ་བརྒྱུད་རང་རྒྱལ་གྱི་མི་རིགས་56དང་མི་གྲངས་དུང་ཕྱུར་13ལྷག་ཙམ་གོང་བུ་གཅིག་ཏུ་འགྲིལ་བ་དེ་ནི་ང་ཚོ་ཐུན་མོང་གིས་བརྒྱུད་པའི་སྤྱིར་བཏང་མིན་པའི་འབད་འཐབ་ཅིག་དང་།ང་ཚོ་ཐུན་མོང་གིས་བཏོད་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིགང་ཚོ་ཐུན་མོང་གིས་སྐྱེད་སྲིང་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་ཤིག་བཅས་ཡིན་ཞིང་།དེའི་ནང་ཁྱབ་པ་དང་གལ་དེ་བས་ཆེ་བ་ཞིག་ནི་ང་ཚོས་མཉམ་དུ་བརྟན་སྲུང་བྱས་པའི་ཕུགས་བསམ་དང་དད་སེམས་དེ་རེད།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་འབྱོར་ཕྱུག་དང་དམངས་གཙོ།ཤེས་དཔལ།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་བསམ་འདུན་སྒྲུབ་པ་བྱེད་པར་རྒྱལ་ཁབ་འབྱོར་ཕྱུག་དང་།མི་རིགས་དར་རྒྱས།མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱེད་དགོས་པ་དེ་ཐོག་ནས་ད་ཆའི་ཀྲུང་གོ་བའི་ཕུགས་བསམ་གསལ་པོ་མཚོན་ལ་ང་ཚོའི་སྔོན་བྱོན་པ་ཚོས་ཡར་རྒྱས་དོན་གཉེར་ལྷོད་མེད་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་ཡང་གསལ་པོ་མཚོན་ཡོད།
       ལང་ལོང་དུ་རྒྱུག་པའི་དུས་རབས་ཀྱི་རླབས་རྒྱུན་མདུན་དུ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་ལེགས་པ་ཞིག་སྐྱེལ་རྒྱུ་ཡོང་བའི་རེ་བ་ཆེན་པོའི་མདུན་དུ་ང་ཚོས་ཁེངས་དྲེགས་སྤུ་ཙམ་ཡང་མི་བྱེད་པ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ངེས་པར་དུ་ཡང་འབད་བསྐྱར་འབད་དང་མདུན་དུ་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་བསམ་འདུན་སྒྲུབ་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་དགོས།
       —— ཀྲུང་གོའི་བསམ་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་ཐོག་སྐྱོད་དགོས།དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་རེད།འགྲོ་ལམ་དེ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་གྱི་རླབས་ཆེན་ལག་ལེན་ནང་ནས་བྱུང་བ་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་60ལྷག་ཙམ་རིང་རྒྱུན་བསྲིང་ལྷོད་མེད་ངང་འཚོལ་ཞིབ་བྱས་ནས་བྱུང་བ།ཉེ་རབས་ནས་བཟུང་གི་ལོ་170ལྷག་ཙམ་ནང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལམ་བུར་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་བྱུང་བ།ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ཡུན་རིང་ཤེས་དཔལ་རྒྱུན་འཛིན་བྱས་ནས་བྱུང་བ་བཅས་ཡིན་པས་ལོ་རྒྱུས་ཡུན་རིང་དང་དངོས་ཡོད་རྨང་གཞི་གཏིང་ཟབ་ལྡན་ཡོད།ཀྲུང་ཧྭ་མི་རིགས་ནི་ཐུན་མོང་མ་ཡིན་པའི་གསར་གཏོད་ནུས་པ་ལྡན་པའི་མི་རིགས་ཤིག་ཡིན་པས་ང་ཚོས་རླབས་ཆེན་ཀྲུང་ཧྭ་ཡི་ཤེས་དཔལ་བཏོད་ཡོད་ལ།ང་ཚོས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ཀྱི་ལམ་བུ་མུ་མཐུད་རྒྱ་ཆེར་གཏོང་བ་དང་དེའི་ཐོག་ལེགས་པར་སྐྱོད་ཐུབ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་རང་ཡིད་རང་ཆེས་དང་།འགྲོ་ལམ་ལ་རང་ཡིད་རང་ཆེས།ལམ་ལུགས་ལ་རང་ཡིད་རང་ཆེས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཡང་དག་པའི་ཀྲུང་གོའི་འགྲོ་ལམ་བརྒྱུད་དཔའ་མཛངས་བརྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དགོས།
       —— ཀྲུང་གོའི་བསམ་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་དགོས།དེ་ནི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་རེད།སྙིང་སྟོབས་དེ་ནི་སེམས་ནུས་གཅིག་ཏུ་སྒྲིལ་ནས་རྒྱལ་ཁ་ཐོབ་པ་བྱེད་པའི་བླ་སྲོག་དང་རྒྱལ་ཁབ་སྟོབས་ཆེར་འགྱུར་བ་བྱེད་པའི་བླ་སྲོག་རེད།རྒྱལ་གཅེས་རིང་ལུགས་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བའི་བསམ་པའི་སྟོབས་ཤུགས་དང་སྒྱུར་བཅོས་གསར་གཏོད་ནི་སྔ་ཕྱི་བར་གསུམ་དུ་སྒྱུར་བཅོས་སྒོ་དབྱེའི་ནང་དུས་བསྟུན་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ང་ཚོའི་བསམ་པའི་སྟོབས་ཤུགས་རེད།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་རླབས་ཆེའི་མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་དར་སྤེལ་བཏང་སྟེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་པའི་སྒྲོག་ཐག་དང་འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ནམ་ཡང་དབྱར་མཚོ་རྒྱས་པ་ལྟར་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་དགོས།
       —— ཀྲུང་གོའི་བསམ་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།དེ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོའི་སྟོབས་ཤུགས་རེད།ཀྲུང་གོའི་བསམ་འདུན་ནི་མི་རིགས་ཀྱི་བསམ་འདུན་ཡིན་ལ་ཀྲུང་གོ་བ་ཚང་མའི་བསམ་འདུན་ཡང་རེད།ང་ཚོས་མཐུན་སྒྲིལ་དམ་ཟབ་དང་མི་ཁྲི་སེམས་གཅིག་བྱས་ནས་ཐུན་མོང་གི་བསམ་འདུན་འགྲུབ་ཆེད་འབད་འཐབ་བྱས་ཚེ་བསམ་འདུན་འགྲུབ་པའི་སྟོབས་ཤུགས་འགྲན་ཟླ་བྲལ་བ་དང་ང་ཚོ་ཚང་མས་རང་ཉིད་ཀྱི་བསམ་འདུན་འགྲུབ་ཆེད་འབད་བརྩོན་བྱེད་པའི་བར་མཐོངས་ཡངས་པོ་ཡོང་ཐུབ།ང་ཚོའི་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་དུས་རབས་ནང་འཚོ་བ་སྐྱེལ་བའི་ཀྲུང་གོའི་མི་དམངས་ལ་ཐུན་མོང་ཐོག་མི་ཚེའི་ནང་དཔའ་རྩལ་འདོན་པའི་གོ་སྐབས་དང་།ཐུན་མོང་ཐོག་བསམ་འདུན་འགྲུབ་པའི་གོ་སྐབས།ཐུན་མོང་ཐོག་མེས་རྒྱལ་དང་དུས་རབས་དང་མཉམ་དུ་འཚར་ལོངས་དང་ཡར་རྒྱས་འགྲོ་བའི་གོ་སྐབས་བཅས་ཡོད།བསམ་འདུན་དང་།གོ་སྐབས།འབད་འཐབ་བཅས་ཡོད་ཚེ་མཛེས་སྡུག་ལྡན་པའི་བྱ་བ་ཐམས་ཅད་གཏོད་ཐུབ།རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་འགན་འཁྲི་བརྟན་པོར་ངེས་ཏེ་སེམས་པ་གཅིག་ལ་སྒྲིལ་བ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་མི་དུང་ཕྱུར་13གྱི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཚེ་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་ཐུབ།
       ཀྲུང་གོའི་བསམ་འདུན་དེ་མཐར་གཏུགས་ནས་བརྗོད་ན་མི་དམངས་ཀྱི་བསམ་འདུན་ཡིན་པས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་འགྲུབ་དགོས་པ་དང་ངེས་པར་དུ་མི་དམངས་ལ་རྒྱུན་ཆད་མེད་པར་ཕན་པ་བསྐྲུན་དགོས།
       ང་ཚོས་ཏང་གི་འགོ་ཁྲིད་དང་།མི་དམངས་ཀྱི་རང་ཐག་རང་གཅོད།ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་མཐའ་འཁྱོངས་བྱེད་པ་དང་།མི་དམངས་ཀྱི་གཙོ་གཟུགས་གནས་བབ་མཐའ་འཁྱོངས་བྱེད་པ།མི་དམངས་ཀྱི་དམངས་གཙོ་རྒྱ་ཆེར་གཏོང་བ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ།མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དང་།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།དེ་བཞིན་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་གཞི་རྩའི་ཆབ་སྲིད་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞབས་ཞུའི་སྲིད་གཞུང་དང་།འགན་འཁྲིའི་སྲིད་གཞུང་།ཁྲིམས་སྐྱོང་སྲིད་གཞུང་།སྤྱོད་གཙང་སྲིད་གཞུང་བཅས་སྐྲུན་ནས་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས།
       ང་ཚོས་འཕེལ་རྒྱས་ནི་འཕེལ་རྒྱས་ཉག་ཅིག་ཡིན་པའི་འཐབ་ཇུས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་།དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྱོང་།རིག་གནས་འཛུགས་སྐྱོང་།སྤྱི་ཚོགས་འཛུགས་སྐྲུན།སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་བཅས་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ།སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་བསམ་འདུན་འགྲུབ་པའི་དངོས་པོ་དང་རིག་གནས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
       ང་ཚོས་དུས་རྟག་ཏུ་མི་དམངས་ཀྱི་རེ་འབོད་ཉན་པ་དང་མི་དམངས་ཀྱི་རེ་སྒུག་སྒྲུབ་པ་དང་།མི་དམངས་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་གཏོང་བའི་དབང་ཆ་འགན་ལེན་བྱེད་པ།སྤྱི་ཚོགས་ཀྱི་སྤྱི་པའི་དྲང་བཞག་སྲུང་སྐྱོང་བྱེད་པ།སྦྱོང་དུས་སློབ་མཁན་ཡོད་པ་དང་།ངལ་རྩོལ་ལ་ཐོབ་ཆ་ཡོད་པ།ན་དུས་སྨན་བཅོས་ཐུབ་པ།རྒས་དུས་འཚོ་རྟེན་ཡོད་པ།སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐོག་འཕེལ་རྒྱས་གསར་པ་རིམ་གྱིས་ཡོང་བ་བྱེད་པ།ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།སྲུང་སྐྱོང་ཡག་པོ།འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་བཞག་གི་ཐོག་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་པ་དང་འབྲེལ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས།
       ང་ཚོས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།འདྲ་མཉམ་དང་།མཐུན་སྒྲིལ།རོགས་རེས།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་ཐུབ་པ་བྱེད་དགོས།
       འཐུས་མི་རྣམ་པ།
       “གྲུབ་འབྲས་མ་ལུས་སེམས་ཤུགས་དག་ལ་བརྟེན།ལས་དོན་མཐའ་དག་བརྩོན་པ་ཉིད་ལ་བལྟོས”རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་ཡུན་རིང་གནས་རྒྱུ་ཡིན་པས་ཀྲུང་གོའི་བསམ་འདུན་འགྲུབ་རྒྱུ་དང་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་ལས་འགན་ལྕི་ལ་ལམ་ཚད་དེ་བས་རིང་བར་བརྟེན་ང་ཚོ་ཚང་མས་དཀའ་སྤྱད་ཀྱི་ངལ་རྩོལ་དང་དཀའ་ཚེགས་ཀྱི་འབད་བརྩོན་མུ་མཐུད་བྱེད་དགོས།
       རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་།ཞིང་པ།ཤེས་ཡོན་ཅན་བཅས་ཀྱིས་སྤྱང་གྲུང་བློ་གྲོས་འདོན་སྤེལ་དང་སྙིང་རུས་ཆེན་པོས་ལས་དོན་སྒྲུབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་ཤུགས་དམག་དང་སྐྱེ་སྟོབས་དམག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས།རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་ཚང་མས་རང་གཅུན་སྤྱི་གཅེས་དང་སྲིད་གཙང་སྲིད་བརྩོན་བྱས་ནས་མི་དམངས་ཀྱི་བདེ་སྡུག་ལ་ཐུགས་ཁུར་དང་མི་དམངས་ཆེད་བྱ་བ་དངོས་སྒྲུབ་དགོས།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་།འཐབ་ན་རྒྱལ་ཐུབ་པ།སྤྱོད་ཚུལ་བཟང་བ་བཅས་ཀྱི་སྟོབས་ཆེའི་དམག་གི་དམིགས་ཚད་གཞིར་བཟུང་འོས་འགན་སྒྲུབ་པའི་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་བ་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་གཞན་གྱིས་ངལ་རྩོལ་གསར་གཏོད་ཀྱི་སྙིང་སྟོབས་དང་ལས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ཚད་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཞིག་བྱེད་དགོས།རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཕུགས་བསམ་ཆེན་པོ་འཆང་བ་དང་།ཤེས་བྱ་འཕེལ་བ།སྙིང་སྟོབས་ཞུན་བརྡར་བཅས་བྱས་ཏེ་དུས་རབས་ཡར་རྒྱས་ཁྲོད་ལང་ཚོའི་འོད་སྟོང་འཕྲོ་ཐུབ་པ་བྱེད་དགོས།
       ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླས་རྒྱལ་ཁབ་དང་།ཤང་ཀང་།ཨའོ་མོན་བཅས་ཀྱི་ཁེ་ཕན་ཧྲིལ་པོ་གལ་ཆེར་བཟུང་ནས་ཐུན་མོང་ཐོག་ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས།རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་དང་སྐམ་ས་ཆེ་མོའི་སྤུན་ཟླས་ལག་གདང་སྦྲེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་དང་།སྲུང་སྐྱོང་།སྐུལ་འདེད་བཅས་བཏང་ནས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་ཏེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་གསར་པ་གཏོད་དགོས།རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླས་ལས་ལ་བརྩོན་ཞིང་གཤིས་རྒྱུད་བཟང་བའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་མེས་རྒྱལ་འཕེལ་རྒྱས་ཡོང་བ་དང་ཀྲུང་གོ་མི་དམངས་དང་ས་ཆ་དེ་གའི་མི་དམངས་དབར་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
       ཀྲུང་གོ་མི་དམངས་ནི་ཞི་བདེར་དགའ་མཁན་ཞིག་ཡིན།ང་ཚོས་ཞི་བདེ་དང་།འཕེལ་རྒྱས།མཉམ་ལས།གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་ཐོག་མཐའ་བར་གསུམ་དུ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བཏོན་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་དང་།མཛའ་མཐུན།མཉམ་ལས་བཅས་ལ་གཞོལ་བ་དང་འཁུར་དགོས་ངེས་ཀྱི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་འཁུར་ནས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
       འཐུས་མི་རྣམ་པ།
       ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་འཛུགས་སྐྲུན་བྱེད་མཁན་སྲོག་ཤིང་སྟོབས་ཤུགས་ཡིན་པས་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་དང་དུས་རབས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱས་ཡོད།ངེས་པར་དུ་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ཆེད་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་དང་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་ཏང་གི་འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་དགོས།གུང་ཁྲན་ཏང་ཡོན་ཡོངས་དང་ལྷག་དོན་དུ་ཏང་གི་འགོ་ཁྲིད་ལས་བྱེད་པས་ཕུགས་བསམ་གྱི་དད་སེམས་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་དབུས་ཀྱི་གནས་བབ་མཐོ་ཤོས་ཐོག་བཞག་སྟེ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྲོལ་བཟང་དར་སྤེལ་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དང་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཐོག་གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་ནམ་ཡང་གནས་པ་བྱས་ནས་འགྱུར་མེད་དམ་བཅའ་བཞག་སྟེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
       འཐུས་མི་རྣམ་པ།
       བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་ལ་བརྟེན་དགོས།རྒྱལ་ཡོངས་ཀྱི་ཏང་ཤོག་ཁག་དང་།ཚོགས་པ་ཁགམི་རིགས་ཁགརིམ་པ་ཁགལས་རིགས་ཁག་བཅས་ཀྱི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་དང་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་སྙིང་རུས་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་རྒྱུན་ཆད་མེད་པར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ལེན་རྒྱུར་གང་མགྱོ གས་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་མིའི་རིགས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།