རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་མི་སྣ་གཏན་འཁེལ་གནང་བ།
ཀྲང་ཀའོ་ལི་དང་། ལིའུ་ཡན་ཏུང་། དབང་དབྱང་། མ་ཁའེ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཡིན་པ། དབྱང་ཅིན་དང་། ཁྲང་དབན་ཆོན། དབྱང་ཅེ་ཁྲེ། ཀུའོ་ཧྲེང་ཁན། ཝང་ཡུང་བཅས་རྒྱལ་དོན་ཨུ་ཡོན་ཡིན་པ།

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མིང་འདོན་གནང་བ་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་མི་སྣ་གཞན་དག་གཏན་འཁེལ་གནང་བ་སྟེ་ཀྲང་ཀའོ་ལི་དང་། ལིའུ་ཡན་ཏུང་། དབང་དབྱང་། མ་ཁའེ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་དབྱང་ཅིན་དང་། ཁྲང་དབན་ཆོན།དབྱང་ཅེ་ཁྲེ། ཀུའོ་ཧྲེང་ཁན། ཝང་ཡང་བཅས་རྒྱལ་དོན་ཨུ་ཡོན་ལ་གཏན་འཁེལ་གནང་བ་རེད།
       ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཧྲེང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
       ཚེས་16ཉིན་གྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2986ཡོད་པ་ནས་འཐུས་མི་2959ཕེབས་ཡོད་པ་དང་འཐུས་མི་27ཕེབས་ཐུབ་མེད། དངོས་སུ་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
       ད་རེས་ཀྱི་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་མིང་འདོན་གནང་བ་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་དང་། རྩིས་བཤེར་དཔོན། དྲུང་ཆེ་བཅས་ཀྱི་འོས་མི་གཏན་འཁེལ་གནང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་མི་རིགས་ཨུ་ཡོན་ལྷན་ཁང་དང་། བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་ཨུ་ཡོན་ལྷན་ཁང་། ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མཚན་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད་གནང་བ་རེད།
       ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་མི་སྣ་གཞན་དག་གི་འོས་མིའི་མིང་འདོན་ཡི་གེ་སྒྲོག་སྦྱངས་གནང་བ་རེད། འདེམས་ཤོག་སྤྲོད་པ་དང་། འདེམས་ཤོག་འབྲི་བ།འདེམས་ཤོག་འཕེན་པ། འདེམས་ཤོག་རྩིས་རྒྱག་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་8ལ་ཝང་ཧྲེང་ཅུན་གྱིས་ཀྲང་ཀའོ་ལི་དང་། ལིའུ་ཡན་ཏུང་།དབང་དབྱང་། མ་ཁའེ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་དབྱང་ཅིན་དང་། ཁྲང་དབན་ཆོན། དབྱང་ཅེ་ཁྲེ། ཀུའོ་ཧྲེང་ཁུན། ཝང་ཡུང་བཅས་རྒྱལ་དོན་ཨུ་ཡོན་ལ་གཏན་འབེབས་བྱས་པ་ཁྱབ་བསྒྲགས་གནང་བ་རེད།
       ཝང་ཧྲེང་ཅུན་གྱིས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་དང་རྩིས་བཤེར་དཔོན་བཅས་ཀྱི་མཚན་ཐོ་ཁྱབ་བསྒྲགས་གནང་བ་རེད།
       རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པས་ཆེད་དོན་ཨུ་ཡོན་ལྷན་ཁང་9བཙུགས་ཤིང་། དེའི་ནང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མཚན་ཐོར་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་གནང་ཡོད། ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དག་8ཀྱི་གྲུབ་ཆའི་མི་སྣའི་འོས་མི་ཀྲུའུ་ཞི་ཚོགས་པས་མིང་འདོན་གནང་རྗེས་འཐུས་མི་ཚོགས་པ་ཁག་གིས་གྲོས་མོལ་གནང་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུས་འཐུས་མི་ཚོགས་པ་ཁག་གིས་གྲོས་མོལ་གནང་བའི་བསམ་འཆར་གཞིར་བཟུང་ཆེད་དོན་ཨུ་ཡོན་ལྷན་ཁང་8པོ་དེ་དག་གི་གྲུབ་ཆའི་མི་སྣའི་མཚན་ཐོའི་འཆར་ཟིན་ད་རེས་ཀྱི་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
       རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་དེའི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་འོས་མི་བཅས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བརྡས་ཐག་གཅོད་ཐབས་གཞིར་བཟུང་ཚོགས་ཆེན་ཐོག་མིང་མ་བཀོད་པར་བརྡས་ཐག་གཅོད་ཆས་གནོན་པའི་བྱེད་སྟངས་ཐོག་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་8ཀྱི་གྲུབ་ཆའི་མི་སྣའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་གནང་བ་རེད།
       མཚན་ཐོ་ཁག་ལ་གྲོས་འཆམ་བྱུང་རྗེས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གཉིས་པོའི་ཐོག་མིང་རྟགས་བཀོད་གནང་བ་དང་ཚོགས་ཆེན་གྱི་གཏན་འབེབས་གཞིར་བཟུང་ད་རེས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་མི་སྣ་གཞན་དག་ལ་ལས་གནས་བསྐོ་གཞག་གནང་བ་རེད།
       ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལུའུ་ཀྲན་ཀུང་དང་། ཁྲེན་ཆོན་གོཀྲའོ་ཁེ་ཀྲེ། ཧོ་དབྱི་ཁྲེང་། ཧོང་ལུང་ཡུན། ཕུང་ཆིང་ཧྭ། ཆང་ཝུའེ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་བཞུགས་ཡོད་པ་རེད།