སྲིད་གྲོས་ཨུ་ཡོན་གྱི་སེམས་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་12པའི་ཚེས་24ཉིན་གྱི་སྔ་དྲོར།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་།  ཨུ་ཡོན་རྣམས་ཀྱིས་ཚོ་ཆུང་བགར་ནས་མི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འདུན་ལྟར་ཐབས་འདོན་ཇུས་འབུལ་བྱས་པ་རེད།ཁོ་ཚོས་འདོན་པའི་གྲོས་གཞི་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་།དབུལ་སྒྲོལ་འགག་སྒྲོལ།སྤྱི་པའི་རིག་གནས་ལས་དོན།ཐོན་ལས་འཕེལ་རྒྱས་སོགས་སུ་ཁྱབ་ཡོད།གཤམ་དུ་ང་ཚོས་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་གང་དག་བཏོན་ཡོད་པར་ལྟ་རུ་འགྲོ།

        ཨུ་ཡོན་ཉི་ཞའོ་ཏུང་གིས་སྲིད་གཞུང་གིས་དེང་ཕྱིན་མུ་མཐུད་དུ་གྲོང་ཁྱེར་གྱི་མཛེས་བཟོ་དང་། ལྗང་འགྱུར་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བསམ་འཆར་བཏོན་པ་རེད།

        ཨུ་ཡོན་དབང་འདུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དེ་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་།ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཡང་དེའི་ཁྲོད་ནུས་པ་འདོན་སྤེལ་བྱེད་པའི་བསམ་འཆར་བཏོན་པ་རེད།

        ཨུ་ཡོན་མཱ་ཡན་ལུང་གིས་བདེ་ཆེན་གྱི་དར་འཕེལ་ལ་མ་རྩ་འཇོག་ཤུགས་ཆེར་གཏོང་དགོས་པ་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་གཞི་ལ་སྐུལ་འདེད་གཏོང་དགོས་ཏེ།ལྷག་པར་དུ་སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།ཤམ་བྷ་ལ་ཆེན་མོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འགྲིམ་འགྲུལ་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བཤད་པ་རེད།

        ཨུ་ཡོན་ཀྲང་ཚུང་ལིན་གྱིས་རང་ཁུལ་གྱིས་མིག་སྔར་ཁྲིམས་འགལ་ཕོགས་སྣོན་ཁ་གསབ་གཙང་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བཞིན་ཡོད་པ་དང་།གོམ་སྟབས་རྗེས་མར་འབྲེལ་ཡོད་ཀྱི་སྲིད་ཇུས་ལས་བྱེད་པར་གསལ་རྟོགས་ཡག་པོ་དང་།ལས་རིམ་ཚད་ལྡན་དུ་གཏོང་བ་སོགས་བྱས་ནས།སྤྱོད་གཙང་སྲོལ་བཟང་ཅན་གྱི་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་དགོས་ཞེས་བཤད་པ་རེད།

        ཨུ་ཡོན་དབྱང་ལི་ཀྲུང་གིས་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ངོས་འཛིན་བྱས་ནས།ཁྱིམ་གྱི་དྲོད་གཏོང་ལས་དོན་ལ་སྐུལ་འདེད་བཏང་དགོས་པ་དང་།ཕན་འབྲས་ལྡན་པའི་སྒོ་ནས་གཞི་རིམ་ལས་བྱེད་པའི་ཁུར་བོ་ཇེ་ཡང་དུ་བཏོང་དགོས་ཞེས་བཤད་པ་རེད།