ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན་གྱི་སྒོ་དབྱེ་མཛད་སྒོ་པེ་ཅིང་དུ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-28   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

སྒོ་དབྱེ་མཛད་སྒོའི་ཡུལ་དངོས།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་མཛུབ་ཁྲིད་འོག བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན”དེ་ཀྲུང་གོའི་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།

འགྲེམ་སྟོན་གྱི་ཡུལ་དངོས།

        “ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན”ནི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩ་ལྷན་ཚོགས་ཀྱི་2017ལོའི་ལོ་འཁོར་ཁྱབ་སྤེལ་དང་བརྗེ་རེས་རིགས་ཀྱི་ལས་གཞིས་རོགས་དངུལ་སྤྲད་ནས། རིམ་པར་པེ་ཅིང་དང་ཧྲང་ཧའེ། ཧྲིན་ཀྲིན། ལྷ་ས་བཅས་ས་ཁུལ་བཞིར་བསྐོར་བསྐྱོད་འགྲེམས་སྟོན་བྱ་རྒྱུ་རེད། བརྩམས་ཆོས་ནི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན་རིམ་པའི་ཐོག་བྱ་དགའ་ཐོབ་པ་དང་། བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་སྐད་གྲགས་ཆེ་བའི་གཙག་དྲུབ་པ། འཚེམ་དྲུབ་པ། ཕྲ་རྒྱན་བཟོ་རྩལ་གྱི་སློབ་དཔོན་རྣམས་ཀྱི་བརྩམས་ཆོས་ཡིན།

འགྲེམ་སྟོན་གྱི་ཡུལ་དངོས།

        འགྲེམས་སྟོན་དུ་བྱིའུ་སྒང་ལུགས་དང་སྨན་ཐང་ལུགས། མཁྱེན་བརྩེའི་ལུགས། ཀརྨ་སྒར་བྲིས་ལུགས། སྨན་གསར་ལུགས་སོགས་འབྲི་ལུགས་ཁག་གི་བརྩམས་ཆོས་འདུས་ཡོད་ལ། ཕུལ་བྱུང་བརྩམས་ཆོས་མང་ཞིང་འབྲི་ལུགས་འཛོམས་པ། སྒྱུ་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

འགྲེམ་སྟོན་གྱི་ཡུལ་དངོས།

        རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་བདག་སྐྱོང་། རྒྱུད་འཛིན། གསར་གཏོད། འཕེལ་རྒྱས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ཏེ། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས“ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན”ལ་རྒྱབ་སྐྱོར་ཤུགས་ཆེན་བྱས། སྒྱུ་རྩལ་དུས་ཆེན་དེ་ནི་མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ཞུགས་ཚད་རྒྱ་ཆེ་ཤོས་དང་། ནང་དོན་ཕུན་སུམ་ཚོགས་པ། སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཤོས་ཀྱི་ཐང་གའི་སྒྱུ་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན།

ལྷ་རིས་པས་ཐང་ག་འབྲི་བཞེངས་བྱེད་བཞིན་པ།

        ཐེངས་འདིའི་འགྲེམས་སྟོན་དུ་ཡུལ་དངོས་སུ་ཐང་ག་བཞེངས་འབྲི་བྱེད་པ་དང་ལྟད་མོ་བས་ཉམས་ལེན་གྱི་བྱེད་སྒོ་སོགས་ཀྱིས་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་བཀུག་པ་དང་། ལྟད་མོ་བས་ཐག་ཉེ་ས་ནས་ཐང་གའི་སྒྱུ་རྩལ་ལ་གཟིགས་རྟོག་བྱས་ཆོག

ལྟད་མོ་བས་ཐང་གར་གཟིགས་མྱོང་བྱེད་པ།

        འགྲེམས་སྟོན་གྱི་དམིགས་ཡུལ་ནི་ཉེ་བའི་ལོ་ཤས་རིང་གི་ཐང་གའི་འགྲེམས་སྟོན་ཁྲོད་འབུར་དུ་ཐོན་པའི་བརྩམས་ཆོས་སྤུས་དག་འགྲེམས་སྟོན་དང་། ཐང་གའི་སྒྱུ་རྩལ་གྱི་ལོ་རྒྱུས་རིང་པོ་དང་ཐང་གའི་འབྲི་རྩལ་ཐུན་མོང་མ་ཡིན་པ། རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་རྒྱ་ཁྱབ་ཀྱིས་དྲིལ་བསྒྲགས་བྱས་ཏེ། ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་མངོན་པར་བྱེད་པ་དེ་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་དེ་ཟླ་12ཚེས2ཉིན་བར་འཚོག་རྒྱུ་ཡིན་པ་རེད།