འཇོལ་རྫོང་གི་བག་མ་བསུ་སྐྱེལ་ལས་རྟ་བབས་ཀྱི་བཤད་པའི་སྐོར།

རྩོམ་པ་པོ།   རིན་ཆེན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2018-11-25   རྩོམ་ཁུངས།   

        

        རྟ་བབས་ཟེར་བ་ནི་བག་མ་བསུ་ལེན་བྱེད་སྐབས། གཉེན་གསར་བསྒྲིགས་པའི་དུད་ཚང་གི་སྒོ་ཁར་སླེབས་དུས། བག་དཔོན་གྱིས་བག་མ་སློང་མཁན་དུད་ཚང་ལ་དགོས་ངེས་ཀྱི་ཆ་རྐྱེན་དང་རྟེན་འབྲེལ་བསྒྲིག་སུ་འཇུག་པའི་བཤད་པ་ཞིག་ཡིན། 

        དེའང་རྟ་བབས་བཤད་དུས་མི་ཟླ་གཉིས་དགོས་ངེས་ཏེ། རྟ་ཐོག་བཞོན་ནས་རྫིག་ཉམས་དང་བཅས་སུན་འབྱིན་གྱི་ཚུལ་དུ་དྲི་བ་སྣ་ཚོགས་བཏོན་མཁན་ཞིག་དང་། ལག་ནང་ཁ་བཏགས་འཇུས་ནས་ཁེངས་སྐྱུང་གི་སྒོ་ནས་དྲི་ལན་འདེབས་མཁན་ཞིག་དགོས། དྲི་ལན་འདེབས་མཁན་གྱིས་ཅོག་ཙེ་ཐོག་གསེར་དངུལ་ལས་གྲུབ་པའི་མཆོད་སྟེང་ཆུང་ཆུང་དང་འབྲུ་རིགས། མར་དང་ཇ་ལོ། དེ་མིན་རིན་པོ་ཆེ་སྣ་ཚོགས་མཚོན་བྱེད་ཙམ་དུ་བཤམ་དགོས། 

        རྟ་བབས་ཀྱི་བཤད་པར་རབ་འབྲིང་མཐའ་གསུམ་གྱི་དབྱེ་བ་ཡོད་དེ། རབ་ཡིན་ན་བརྗོད་བྱ་ཕུན་སུམ་ཚོགས་པ་དཔེ་བརྗོད་དུ་མ་དང་བཅས་ཏེ་རྗོད་བྱེད་ཚིག་གི་ཕྲེང་བར་བསྒྲིལ་ཞིང་། རྟ་བབས་བཤད་སྐབས་རྟའི་སྲབ་ཁ་བསྒྱུར་མཁས་པ་དང་། ལུས་ཀྱི་ཉམས་འགྱུར་དང་རྟའི་གོམ་འགྲོས། ཚིག་གི་སྡེབ་སྦྱོར་ལེགས་ཤིང་། སྐད་གསང་མཐོ་ལ་སྙན་པའི་སྒོ་ནས་ཡུལ་དུས་དང་འཕྲོད་པའི་བཤད་པ་བརྒྱབ་སྟེ། ལྟད་མོ་བའི་ཡིད་དབང་ཁད་ཀྱི་དགུག་ཐུབ་པ་ཞིག་དགོས། འབྲིང་ཙམ་ཡིན་ན་རྟ་བབས་ཀྱི་ཚིག་སྔ་ཕྱི་འབྲེལ་ཆགས་པ་དང་།  ལུས་ཀྱི་སྟངས་སྟབས་མཛའ་བ་ཙམ་གྱིས་ཆོག   དེ་མིན་བརྗོད་བྱ་འབྲེལ་མ་ཆགས་པ་དང་། རྗོད་བྱེད་ཚིག་མི་སྙན་པ། ལུས་ཀྱི་ཉམས་འགྱུར་མི་མཛའ་བ།  སྐད་གསང་དམའ་ཞིང་རྟའི་སྲབ་ཁ་བསྒྱུར་ལུགས་ཞན་པ་བཅས་ཐ་མལ་པར་རྩིས་སྲོལ་འདུག 

        རྟ་བབས་ཀྱི་ནང་དོན་ནི་རིགས་ཀྱི་ལོ་རྒྱུས་དང་། གཉེན་གྱི་འབྱུང་ཁུངས། རྟའི་བསྟོད་པ་ལ་སོགས་པ་ཕུན་སུམ་ཚོགས་པོ་ཡོད།      དེང་སང་རྟ་བཞོན་ནས་འགྲོ་འོང་དང་བསུ་ལེན་བྱེད་མཁན་ཉུང་མོད་བདེ་ཆེན་གྱི་ཡུལ་ལུང་ཁ་ཤས་སུ་རྟ་བབས་བཤད་པའི་ལུགས་སྲོལ་མཐོང་ཐུབ་ཅིང་བསྐྱར་དར་གྱི་རྣམ་པ་ལྷག་ཏུ་གསལ།