དུས་རབས་དང་བསྟུན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-22   རྩོམ་ཁུངས།    མི་དམངས་དྲ་བ།

བོད་ཀྱི་དུས་རབས་གསར་པའི་གསོ་རིག་རྒྱུད་འཛིན་པ་འཇམ་དབྱངས།


འཇམ་དབྱངས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་བརྟག་ཐབས་ལྟ་རེག་འདྲི་གསུམ་ལས་རེག་པ་རྩ་ལ་བརྟག་བཞིན་པ། 

        ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་སྐལ་བཟང་གི་དུས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་ངོ་40རིང་བོད་ཀྱི་རིག་གནས་དང་སློབ་གསོ། གསོ་རིག དཔལ་འབྱོར་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། མི་དམངས་དྲ་བའི་གསར་འགོད་པས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་གཞིས་རྩེར་བཅར་འདྲིར་བསྐྱོད་པ་ཡིན། 

        འཇམ་དབྱངས་ལགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་དུས་རབས་གསར་པའི་བོད་ལུགས་གསོ་རིག་རྒྱུད་འཛིན་པ་ཞིག་ཡིན་ཞིང་། ཆུང་དུས་ནས་ཕ་མེས་ཀྱི་ཤུགས་རྐྱེན་འོག་བོད་ལུགས་གསོ་རིག་ལ་སྦྱངས་པ་གནང་ཡོད། ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་བྲང་ཏི་ལྷ་རྗེའི་སྨན་རྒྱུད་བོད་ལྗོངས་ས་སྐྱ་སྤེན་ནག་ཚང་ཁྱིམ་རྒྱུད་ཀྱི་བོད་ལུགས་གསོ་རིག་རྒྱུད་འཛིན་པ་མི་རབས་བཅུ་པ་ཡིན་པ་དང་། སྔ་རྗེས་སུ་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་ཞབས་ལ་གཏུགས་ནས་པད་གཞུང་བོད་སྨན་སློབ་གྲྭར་སློབ་གཉེར་དང་བོད་ལྗོངས་གསོ་རིག་སློབ་ཆེན་སོགས་འགྲིམ་མྱོང་ཡོད། ད་ལྟ་བོད་ལྗོངས་ས་སྐྱ་སྤེན་ནག་ཚང་སྨན་རྩིས་ཁང་གི་འགན་འཁུར་བ་གནང་བཞིན་ཡོད་པ་དང་། རྒྱལ་ཡོངས་གྲོང་གསེབ་ཕྱུག་སྒྱུར་སྣེ་ཁྲིད་ན་གཞོན་གྱི་མཚན་སྙན་དང་བོད་རང་སྐྱོང་ལྗོངས་རིམ་པའི་ངལ་རྩོལ་དཔེ་བཟང་གི་མཚན་སྙན། བོད་ལྗོངས་ཀྱི་བྱ་གཞག་གསར་གཏོད་འགྲན་བསྡུར་སྐབས་དང་པོའི་བྱ་དགའ་རིམ་པ་གཉིས་པ་སོགས་ཐོབ་མྱོང་ཡོད། 
        ཁོང་སློབ་གྲྭ་ནས་ཐོན་རྗེས་གཞུང་བཙུགས་སྨན་ཁང་ནང་ལས་ཀར་མ་ཞུགས་པར། རང་ཁྱིམ་གྱི་སྨན་རྒྱུད་རྒྱུད་འཛིན་བྱས་ནས་ཐོག་མར་ཁྱིམ་ཚང་སྒོ་བསྟེན་སྨན་ཁང་དང་བར་དུ་བྱ་གཞག་གསར་གཏོད་ལས་ལ་ཞུགས་གནང་ནས། ད་ལྟ་ཚད་ལྡན་གྱི་སྨན་རྩིས་ཁང་བཙུགས་པ་སོགས་བོད་ཀྱི་གསོ་བ་རིག་པ་རྒྱུད་འཛིན་ཐད་འབད་བརྩོན་ལྷོད་མེད་གནང་ཡོད་ཅིང་། 2016ལོར་སྨན་ཁང་གི་གཞི་ཁྱོན་རྒྱ་སྐྱེད་གནང་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་པ་གྲགས་ཅན་གདན་འདྲེན་ཞུས་པ་དང་སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་ཐད་ལ་ཕན་པ་བསྐྲུན་ནས། ཉེ་འགྲམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། 
        འཇམ་དབྱངས་ལགས་ཀྱིས། བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚོས་བདེ་སྲུང་སྐོར་ལ་དོ་སྣང་བྱེད་ཚད་ཅུང་ཞན་པས། ང་ཚོས་སྨན་པ་དང་སྨན་དཀོན་པའི་བོད་ཀྱི་ཞིང་འབྲོག་ཁུལ་དུ་རིན་མེད་སྨན་བཅོས་བྱེད་སྒོ་སྤེལ་བར་བསྟུན་ནས་བདེ་སྲུང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་ཡོད། བོད་ཀྱི་གསོ་བ་རིག་པ་ནི་རིག་པའི་གཞུང་ལུགས་གཏིང་ཟབ་ལ། ནད་ཐོག་ལག་ལེན་ཕུན་སུམ་ཚོགས་པའི་གསོ་རིག་ཞིག་ཡིན་པས། དཔལ་ལྡན་རྒྱུད་བཞི་ལས། མི་ན་བར་གནས་པར་འདོད། ན་བ་གསོ་བ་བྱེད་པ། ཞེས་པ་ལྟར་ཚང་མས་འཚོ་བའི་གོམས་གཤིས་ཡག་པོ་ཆགས་པར་བྱེད་ནས་བདེ་སྲུང་སྐོར་ལ་དོ་སྣང་དང་རྒྱུས་ལོན་ཡག་པོ་བྱ་དགོས་གསུངས།
        འཇམ་དབྱངས་ལགས་ཀྱིས། དེང་གི་ཆར་སྨན་རྩ་འཐུ་སྒྲུག་ཐད་ངེས་པར་དུ་གཟབ་དགོས་པ་སྟེ། དཔལ་ལྡན་རྒྱུད་བཞི་ལས། སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང་། སྐམ་གསེད་ལེགས་དང་སོ་མ་རྙིངས་པ་དང་། དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ། ཞེས་པ་ལྟར་སྨན་པ་གཅིག་པོ་ཙམ་མ་ཟད་ལས་རིགས་དེ་དང་འབྲེལ་བའི་མི་ཚང་མས་དེ་ལ་ངེས་པར་གཟབ་དགོས། དེས་གཅིག་ནས་འབྱུང་ཁམས་ཁོར་ཡུག་ལ་གཏོར་བཤིག་དང་། གཉིས་ནས་སྨན་རྩའི་ཐོན་ཁུངས་ལ་གནོད་པ་ཆེན་པོ་བཟོས་པས་སྨན་རྩ་སྟོང་བ་དང་བཏབ་ནས་སྐྱེས་ཀྱང་ནུས་པ་མི་འདྲ་ཞེས་གསུངས།