༄༅།།བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་《ཨ་ཆུང་བཟོ་རིག་གཅེས་བཏུས་》དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-14   རྩོམ་ཁུངས།    མི་དམངས་དྲ་བ།


        སི་ཁྲོན་ཞིང་ཆེན་བཟོ་རིག་མཛེས་རྩལ་ལས་རིགས་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཁམས་པ་ཏྲ་བཟོ་རིག་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་བྱས་པའི་བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་《ཨ་ཆུང་བཟོ་རིག་གཅེས་བཏུས་》དཔེ་དེབ་འགྲེམས་སྤེལ་ཚོགས་འདུ་ཟླ་11ཚེས་11ཉིན་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་བདེ་བླག་ངང་འཚོགས་པ་རེད།

        ཐེངས་འདིའི་བྱེད་སྒོའི་སྟེང་བོད་རྒྱ་གཉིས་ཀྱི་སྐྱེས་ཆེན་དམ་པ་100ལྷག་དང་། འབུར་གཟུགས་སྒྱུ་རྩལ་ཕྱོགས་ཀྱི་རིགས་གཅིག་མཁས་པ་70ལྷག ལྷ་བཟོ་དང་འབུར་བཟོ་བ། ལག་ཤེས་པ་སོགས་བཟོ་རིག་ལག་རྩལ་པ100ལྷག་ཚོགས་འདུར་ཞུགས་པ་དང་། དུས་མཉམ་དུ། མི་རིགས་དཔེ་སྐྲུན་ཁང་དང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཁང་དང་། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན། ཀྲུང་དབྱང་མཛེས་རྩལ་སློབ་གླིང་། སི་ཁྲོན་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། དེ་བཞིན་དུ་ཁེ་ལས་པ་དང་སྨྱན་སྦྱོར་མི་སྣ་བཅས་ཁྱོན་མི་100ལྷག་ཚོགས་འདུ་ལ་ཞུགས་ཡོད་པ་རེད།

        མདོ་འཛིན་པ་གྲགས་ཅན་བདེ་མཆོག་སྐྱབས་དང་དབང་ཆེན་ལྷ་མོ། ཀའོ་རེའུ་སོགས་ཀྱིས་མདོ་དབུས་ཁམས་གསུམ་གྱི་སྐད་དང་རྒྱ་རོང་གི་སྐད། རྒྱ་སྐད། དབྱིན་སྐད་བཅས་སྐད་རིགས་མང་པོའི་སྒོ་ནས་ཚོགས་འདུ་ལ་མདོ་འཛིན་གནང་ཡོད་པ་དང་། བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་དང་། གངས་ཅན་པ་སྒྲོལ་མ་སྐྱབས་སོགས་བོད་ཀྱི་གླུ་བ་གྲགས་ཅན་ཚོ་ཡང་ཡུལ་དངོས་སུ་སླེབས་ནས་གླུ་ངག་གི་ལེགས་སྐྱེས་ཕུལ་ཡོད།