ལྷ་སའི་སྟོན་ཁ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-07   རྩོམ་ཁུངས།    མི་དམངས་དྲ་བ།


        ལྷ་སའི་སྟོན་ཁ་ནི་ཧ་ཅང་མཛེས། དེ་ནི་ཐུན་མོང་མ་ཡིན་པ་དང་། ཕུན་སུམ་ཚོགས་པའི་མཛེས་སྡུག་ཅིག་ཡིན། མགོ་བོ་བཏེགས་ནས་ལྟ་དུས། རྒྱང་རིང་གི་རི་རྩེའི་མཚམས་སྤྲིན་གྱི་འོད་མདངས་ནི་རི་ངོས་སུ་བཙེམས་པ་དང་མཚུངས་ཤིང་། སྤྲིན་པ་ལོང་ལོང་འཕྱུར་བའི་འོག་ཏུ་ཁ་བས་གཡོགས་པའི་གངས་རི་ཀྲོང་ངེར་འགྱིང་ཡོད། སྤྲིན་པ་ནི་གཡོ་ཞིང་རབ་རིབ་དང་། སྐྱེམས་པའི་ངང་འཕྱུར་ཡོད་ཅིང་། རི་བོ་ནི་འཇགས་ཤིང་རྣོ་ལ། གསལ་མདངས་དང་ལྡན་པ་ཞིག་ཡིན། གཅིག་ནི་འཇམ་ཐིང་ངེར་ལངས་པ་དང་གཅིག་ནི་གཡོ་ཞིང་འགུལ་བ། གཅིག་ནི་སྒྱུ་མ་དང་གཅིག་ནི་དངོས་ཡོད་ཀྱི་ལྗོངས་འདི་ནི་མཉམ་དུ་འདྲེས་མ་ཐུབ་ཀྱང་། ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད། མཁའ་དབྱིངས་ཀྱི་སྤྲིན་པ་ནི་རི་ཚོགས་ཀྱིས་ངར་སྐད་སྒྲོག་པ་དང་མཚུངས་ཤིང་། རི་རྩེའི་སྤྲིན་པ་ནི་གངས་རིས་དབུགས་རིང་འབྱིན་པ་དང་མཚུངས། 

        ལྷ་སའི་སྐྱིད་ཆུའི་འགྲམ་བརྒྱུད་དེ་བསྐྱོད་ན། རི་སྔོན་དང་གཙང་ཆུ་ཕན་ཚུན་བརྟེན་ནས་ཡོད་པས། རི་མོ་བཞིན་བག་ཡངས་ཀྱི་ཚུལ་དུ་སྣང་། རྒྱང་རིང་དུ་འགྲེང་བའི་སྟག་སྡོང་གི་ལོ་མ་སེར་པོར་གྱུར་ཡོད་པས། དེ་ནི་སྔོ་སང་གི་མཁའ་དབྱིངས་འོག་སྔར་ལས་ཁ་དོག་རྣམ་པར་བཀྲ་ཞིང་གསོན་ཤུགས་ལྡན་པར་སྣང་། སྟོན་ཁའི་ཉི་འོད་འོག  ཉི་མ་ནི་ཁྱེད་ཉིད་ཀྱི་དཔྲལ་བར་བཏགས་པ་བཞིན། ཕྱོགས་བཞིར་འཚེར་བའི་འོད་ཟེར་གྱིས་ཁྱེད་ཉིད་ཀྱི་མགོ་བོ་ཡར་འགྱོགས་དཀའ་བར་འགྱུར་ཞིང་། ལུས་པོ་ཡོངས་ལ་འོད་མདངས་རབ་ཏུ་འཕྲོ་བ་དང་མཚུངས། མཛེས་སྡུག་ནི་འདི་ལྟར་བཞིན། ལོ་མས་རང་གི་ཚེ་སྲོག་སྤར་ནས་མཚར་སྡུག་རྣམ་པར་བཀྲ་བའི་ལྗོངས་དངོས་འདི་གྲུབ་ཡོད། ཉི་འོད་འོག་རྒྱང་རིང་གི་ལྷ་སའི་སྐྱིད་ཆུ་ལ་ཆུ་རིས་བཀྲ་ཞིང་། དལ་བུར་ཀྱག་ཀྱོག་གི་གཞུང་ལམ་དང་བསྡོངས་ནས་མདུན་དུ་རྒྱུ་ལ། རི་ཚོགས་ཀྱི་གསེབ་སུ་འཐིམས། ཆུ་ངོས་ཡངས་ཤིང་བཞུར་ཆུ་འཇམ་པ། རྒྱང་རིང་གི་རི་བོ་དང་མིག་མདུན་གྱི་ཆུ་བོ་བཅས་ཀྱིས་ཞི་ཞིང་དུལ་བའི་མཛེས་ལྗོངས་ཞིག་གྲུབ།