བོད་ལྗོངས་དེང་རབས་རི་མོའི་འགྲེམས་སྟོན་པེར་ཀྲེམ་དུ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-04   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


        ཉེ་ལམ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པའི་བྱེད་སྒོ་རིམ་པའི་གྲས་གཅིག་སྟེ།  “གནམ་སྔོན་ས་གཙང་།—— བོད་ལྗོངས་དེང་རབས་རི་མོའི་འགྲེམས་སྟོན་”པེར་ཀྲེམ་གྱི་པུ་རུ་སེར་དུ་འགོ་ཚུགས། ཐེངས་འདིའི་འགྲེམས་སྟོན་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་མཛེས་རྩལ་མཁས་ཅན་མཐུན་ཚོགས། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་བྱས།

        ཐེངས་འདིའི་རི་མོའི་འགྲེམས་སྟོན་དུ་ཧན་ཧྲུའུ་ལི་དང་པད་མ་བཀྲ་ཤིས། འཇིགས་མེད་འཕྲིན་ལས། སྤེན་པ། ལྷག་པ་ཚེ་རིང་བཅས་བོད་ལྗོངས་ཀྱི་དེང་རབས་རྒན་དར་གཞོན་གསུམ་གྱི་རི་མོ་བ་ལྔའི་གསར་རྩོམ་བྱས་པའི་ས་མཐོའི་རིག་གནས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་རས་བྲིས་བརྩམས་ཆོས་40འགྲེམས་སྟོན་བྱས། འདི་ནི་བོད་ལྗོངས་ཀྱི་དེང་རབས་རི་མོ་བའི་ཚོགས་པའི་བརྩམས་ཆོས་ཐེངས་དང་པོར་པུ་རུ་སེར་བཀྲམས་པ་ཡིན།

        བརྩམས་ཆོས་འདི་དག་ལས་བོད་ཀྱི་དམངས་སྲོལ་གོམས་གཤིས་མངོན་པ་དང་། སྒྱུ་རྩལ་པ་ཡོངས་བོད་ལྗོངས་སུ་སྐྱེས་པ་དང་བོད་ལྗོངས་སུ་མཚར་ལོངས་བྱུང་བས། བོད་ལྗོངས་ཀྱི་མི་ཚེའི་འཕེལ་རིམ་མངོན་པའི་སྒྱུ་རྩལ་བརྩམས་ཆོས་ཡིན་པ་དང་། བོད་ལྗོངས་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་དེ་དུས་རབས་ཀྱི་འཕེལ་རྒྱས་དང་ཡར་ཐོན་དང་མཚམས་པའི་བསམ་གཞིགས་དང་ཚོར་འདུ་ཡིན།


        ཐེངས་འདིའི་འགྲེམས་སྟོན་དུ། ཀྲུང་གོའི་བོད་ལྗོངས་ཀྱི་ས་མཐོའི་རི་མོའི་འབྲི་ལུགས་སྒྱུ་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གནས་འགྲེམས་སྟོན་བྱས་ཏེ། པེར་ཀྲིམ་མི་དམངས་ཀྱིས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཆབས་ཅིག  བོད་ལྗོངས་ཀྱི་སྒྱུ་རྩལ་པས་པེར་ཀྲེམ་གྱི་རིག་གནས་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ལེགས་པོ་ཞིག་མཁོ་སྤྲོད་བྱས། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཞའོ་ཧྥུང་གིས་བརྗོད་རྒྱུར། “རྗེས་མར། ང་ཚོས་བོད་ལྗོངས་ཀྱི་སྒྱུ་རྩལ་མཁས་པ་སྔར་ལས་མང་བ་རྩ་འཛུགས་བྱས་ཏེ་‘རྒྱུད་གཅིག་ལམ་གཅིག་’དང་རིག་གནས་སྤེལ་རེས་ཁྲོད་ཞུགས་པ་དང་། བོད་ལྗོངས་བརྗོད་བྱར་བྱས་པའི་འགྲེམས་སྟོན་བྱེད་སྒོ་སྔར་བས་མང་པོ་སྤེལ་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བཟང་བོ་སྒྲོག་པ་བཅས་བྱས་ཏེ། ཡོ་རོབ་མནའ་འབྲེལ་གྱི་ལས་རིགས་ཁག་གི་མི་དམངས་ཀྱིས་སྔར་བས་སྒོ་དབྱེ་དང་ཡིད་ཆེས་ལྡན་པའི་ཀྲུང་གོར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བོད་ལྗོངས་ཀྱི་དོན་དངོས་དང་མཛེས་སྡུག་སྔར་བས་ཤེས་རྟོགས་བྱེད་དགོས།”