མཚོ་བོད་ས་མཐོའི་ལྷམ་གྱི་སྒྱུ་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཕྱོགས་བཞིར་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་བོད་ཀྱི་རིག་གཞུང་ཧ་ཅང་ཕུན་སུམ་ཚོགས་པ་དང་ཡང་སྒོས་སུ་རྒྱན་གོས་རིག་གནས་འགྲན་ཟླ་མེད་པ་ཞིག་ཡོད་པས། ད་ལྟ་རང་སྐྱོང་ལྗོངས་ཀྱི་རྒྱན་གོས་ཁག་7རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་འཁོད་ཡོད་པ་དང་། ཁག་13ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་འཁོད་ཡོད། ལྷག་དོན་ཡུལ་ལུང་མི་གཅིག་པ་དང་། ནམ་ཟླ་མི་འདྲ་བ། གནས་བབ་མི་མཚུངས་པ། ཕོ་མོའི་བྱེ་བྲག་གསལ་བ་བཅས་ཀྱི་ལྷམ་གྱི་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ཡོད་པ་ནི་གླེན་པ་མགོ་འཐོམ་པ་དང་མཁས་པ་མགུ་བ་སྐྱེ་བ་ཞིག་ཡོད།

        བོད་ལྷམ་གྱི་ལོ་རྒྱུས་ཧ་ཅང་རིང་ཞིང་། རྒྱ་བོད་ཀྱི་ཡིག་ཚང་མང་པོར་བོད་ཀྱི་བཙན་པོ་དང་བཙུན་མོ་སོགས་ཀྱི་ཆ་བྱད་ངོ་སྤྲོད་བྱེད་སྐབས། རྐང་པར་ལྷམ་ཟོམ་པ་བྱ་བ་གྱོན་ཞེས་པའི་ལོ་རྒྱུས་ལ་བལྟས་ན་ཟོམ་པ་གསར་གཏོད་བྱས་ནས་ལོ་ངོ་སྟོང་ཁ་ལོན་པའི་ལོ་རྒྱུས་ཀྱི་ལམ་ཚད་འཇལ་ཐུབ། ལྷག་དོན་བགྲང་བྱ་སྟོང་གི་ལོ་རྒྱུས་ཀྱི་འཁོར་བགྲོད་ནང་རྣམ་རིག་བཀྲ་ལ་ལས་ལ་བརྩོན་པའི་ས་མཐོའི་སྐྱེ་བོ་རྣམས་ཀྱིས་གང་དགོས་ལྷམ་གྱི་སྒྱུ་རྩལ་གསར་གཏོད་བྱས་ནས་དེ་སྔ་ལྷམ་གྱི་རྣམ་གྲངས་བརྒྱ་ལྷག་ཙམ་ཡོད་པ་དང་། ད་ཆ་ངོས་འཛིན་ཐུབ་པ་ཡང་ལྔ་བཅུ་སྐོར་ཡོད་པར་གྲགས།

        རྒྱུ་ཆ་སྣ་ཚོགས་ལས་བཟོས་པའི་བོད་ལྷམ།

        ལྷམ་གྱི་རྒྱུ་ཆ་ཧ་ཅང་མང་པོ་ཡོད་རུང་སྤྱིར་ན་འབྲོག་ཁུལ་དུ་ཀོ་ལྷམ་གྱོན་མཁན་མང་བ་དང་ཞིང་ཁུལ་དུ་ཟོམ་པ་ལྷམ་གྱོན་མཁན་མང་ལ་ཕོ་ཟོམ་མོ་ཟོམ་གྱི་ཁྱད་པར་ཡང་ཅུང་ཟད་ཡོད། སྤྱིར་བོད་ལྷམ་བཟོ་བའི་ལག་རྩལ་ནི་ཡིད་རྣལ་དུ་འབེབས་པ་དང་། ཞིབ་ཚགས་པོ། ངང་རྒྱུད་རིང་པོ། དུས་ཚོད་མང་པོ་སྤྱོད་དགོས་པ་བཅས་རེད། སྤྱིར་བཏང་བོད་ལྷམ་རེ་འཚེམ་པར་དུས་ཡུན་ཉིན་གསུམ་བཞི་དང་ཐ་ན་ཉིན་བཅུ་ཙམ་འགོར་མཁན་ཡང་ཡོད་པས་ད་ཆ་ལག་རྩལ་དེ་སྦྱོང་མཁན་དཀོན་པའི་གནད་འགག་གཙོ་བོའི་གྲས་ཤིག་ཀྱང་རེད།

        སོ་མ་ར་ཙའི་ཟོམ་པ་དང་དྲེས་ཟོམ་གཉིས་ནི་རང་བྱུང་ལྷད་མེད་ཀྱི་རྒྱུ་ཆ་སྤྱད་ཅིང་དབྱར་ཁ་གྱོན་པའི་ས་མཐོའི་ལྷམ་དམིགས་བསལ་རིགས་ཤིག་རེད། དེ་གཉིས་ཀྱི་ལྷམ་མཐིལ་ལ་དབྱེ་བ་ཆེར་མེད་ཅིང་། སོ་མ་ར་ཙ་ཞེས་པ་ནི་རིང་ཚད་ཀུང་ཁྲེ་ཁ་ཤས་ཡོད་པ་དང་རྩེ་མོར་ཟར་མའི་འབྲུ་ལས་ཆེ་ཙམ་གྱི་འབྲས་བུ་སྨིན་རྒྱུ་ཡོད་པའི་ཞིང་ལས་སྐྱེ་དངོས་ཤིག་གི་པགས་པ་རེད། དེ་ཡང་འབྲས་བུ་སྨིན་མཚམས་སུ་རྩ་བཀོག་བཏང་ནས་འབྲས་བུ་བླངས་རྗེས་སྡོང་པོ་ཉི་སྐམ་བཏང་ནས་སྐམ་ཐག་ཆོད་རྗེས་པགས་པ་བཤུ་དགོས། བེད་སྤྱོད་གཏོང་མཚམས་གཞའ་ཏོག་ཙམ་བརྒྱབ་རྗེས་སྐུད་པ་ལྟར་བསྒྲིམས་ནས་ཟོམ་མཐིལ་འདེབས་དགོས། དེ་བཞིན་ས་མཐོའི་རི་ཀླུང་ཕལ་ཆེ་བ་དང་ལྷག་དོན་ས་མཐོ་སར་རྩྭ་དྲེས་མ་མང་པོ་སྐྱེ་གི་ཡོད་པས་ལོ་ལྟར་སྟོན་ཟླ་བརྒྱད་པ་དགུ་པ་ཙམ་ལ་དྲེས་མ་རིང་བ་དག་བཏོགས་ནས་རྩྭ་རྐང་བརྒྱ་ཙམ་རེས་ཆག་པ་རེ་བརྒྱབ་ནས་ཉར་འཇོག་བྱེད་དགོས་པ་དང་། བེད་སྤྱོད་གཏོང་ཁར་ཆུར་ཉིན་བཅུ་གྲངས་སྦངས་ན་དྲེས་མ་མཉེན་པོ་ཆགས་ཀྱི་ཡོད་པས་སྐབས་དེར་སྐུད་པ་ནས་ཟོམ་པ་བཏབ་ཆོག་གི་ཡོད། སོ་མ་ར་ཙའམ་དྲེས་མའི་སྐུད་པ་བསྒྲིམས་ཚར་རྗེས་ནོར་ནག་གི་རྩིད་པ་དང་ར་སྤུ་མཉམ་བསྲེས་ཀྱིས་ལྷམ་གྱི་རྒྱ་ཁྱོན་དང་འཚམ་པའི་ཕྱིང་པ་འདྲས་སྟེ་ཟོམ་གཞི་བཏིང་། དེ་རྗེས་སོ་མ་ར་ཙའམ་དྲེས་མའི་སྐུད་པ་སྤྱད་ནས་ནང་ངོས་ཀྱི་ཕྱིང་པ་དེར་བསྟུན་ཏེ་དཀྱིལ་ནས་རིམ་བཞིན་མཐའ་ལ་རྒྱ་བསྐྱེད་ཀྱིས་ཚགས་དམ་པོ་བཙེམས་ནས་ཟོམ་མཐིལ་བཏབ་ཚར་རྗེས། རྐང་པའི་འབོའི་མཐོ་ཚད་ཙམ་གྱི་རི་སློང་བ་དང་པ་ལྷས་ཅེས་པའི་འཚེམ་འཁོར་ཞིག་བརྒྱབ་ན་ཟོམ་མཐིལ་འགྲུབ་ཀྱི་ཡོད། ཡང་ཞིང་ཁུལ་དུ་ལྷམ་མཐིལ་གྱི་ནང་ངོས་ལ་སྣམ་བུ་རྙིང་པ་རིམ་པ་ཁ་ཤས་ལ་ར་སྤུ་བཏིངས་ནས་ཕྱིང་པའི་ཚབ་བྱེད་སྲོལ་ཡང་ཡོད། ཟོམ་པ་བཏབ་ཚར་ནས་དུས་ཚོད་གང་ཙམ་བཞག་རྗེས་གཞི་ནས་ཡུལ་སྐད་དུ་ཡུབ་བྱས་ཏེ་ལྷམ་འཚེམ་བཟོ་བྱེད་དགོས་པ་དེ་ནི་ཟོམ་པའི་བཟོ་ལྟ་མི་འགྱུར་བ་དང་མཁྲེགས་པོ་ཆགས་ཆེད་རེད། དེ་རྗེས་པུས་མོ་མ་ཟིན་ཙམ་གྱི་ལྷམ་ཡུ་སྣམ་བུ་ནག་པོ་དང་། ལྷམ་དང་ལྷམ་ཡུའི་མཚམས་སུ་ཞེང་ལ་སོར་དོ་གསུམ་ཡོད་པའི་སྣམ་བུ་སྤུས་ལེགས་སམ་འགོ་སྣམ་མཚལ་ཁ་དང་ལྗང་ཁུའི་བོལ་དཀྲིས་རིམ་པ་གཅིག ལྷམ་མཐིལ་གྱི་སྦྱར་མཚམས་སུ་པ་ལྷས་རྒྱག་རྒྱུའི་སིང་སྐུད་སྔོན་པོ་དུམ་གཅིག ལྷམ་ཡུའི་མདུན་ངོས་ཀྱི་ལྡེབས་སུ་སྒ་རིས་འཚེམ་གདན་ཞེས་སོར་དོ་ཙམ་ཡོད་པའི་གཏོར་གཟུགས་དབྱིབས་ཀྱི་འགོ་སྣམ་མམ་སྣམ་བུ་མཚལ་ཁ་དང་ལྗང་ཁུ་བསྒྲིགས་པའི་ཐོག་ཏུ་ཕར་ཆིན་ཏེ་འཚེམ་དྲུབ་ཀྱི་མེ་ཏོག་རྒྱག་བྱེད་ཀྱི་དར་སྐུད་སྣ་ཚོགས་བཅས་གྲ་སྒྲིག་བྱས་པའི་གོ་རིམ་ལྟར་ལྷམ་འཚེམ་བྱེད་དགོས།

        བོད་ལྷམ་ཀོ་རྩེག་ནི་ལྷམ་དཀྱུས་མ་འཚེམ་བཟོ་བྱ་ཐབས་དང་འདྲ་རུང་། རྒྱུ་ཆ་ལྟོས་བཅས་ཀྱིས་ལེགས་པོ་གཏོང་བའི་ཐོག་མཐིལ་ལ་ཀོ་བ་ཉིས་བརྩེགས་གཏོང་བ་དང་། ཟོམ་པའི་རིའམ་ལྡེབས་སུ་སི་ཤན་ཚོན་ཁྲས་འཇའ་སྒྲིག་པ་དང་རྒྱ་ནག་ལྕགས་རིའམ་གཡུང་དྲུང་ལག་འཁྱུད་རྒྱག་གི་ཡོད་ལ། ལྷམ་གྱི་སྣ་གདོང་དང་གཏིང་རྒྱན་དུའང་སི་ཤན་འཚེམ་དྲུབ་ཀྱི་མེ་ཏོག་རྒྱས་ཐག་ཆོད་རྒྱག་གི་ཡོད། དང་དོད་ཆེ་བས་ཟོམ་པའི་རིར་སིང་སྐུད་དཀར་པོ་གཏོང་བ་དང་ཁབ་ཕྲ་མོས་འཚེམ་བུ་ཧ་ཅང་ཞིབ་ཚགས་པོ་རྒྱག་གི་ཡོད། ལྷག་དོན་དུ་ཀོ་རྩེག་མཐིལ་གཉིས་མའི་དམིགས་བསལ་ཁྱད་ཆོས་ནི་མཐིལ་གྱི་ཀོ་རྩེག་བར་དུ་ཏིམ་པི་ཞེས་པའི་ཀོ་བ་ལྗང་ཁུ་སྲབ་མོ་ཞིག་གིས་འདྲིལ་གཏོང་བ་མ་ཟད། དེའི་སྟེང་འོག་གཉིས་སུ་གསེར་སྐུད་གཏོང་བ་སོགས་ཀོ་རྩེག་གི་རྒྱུ་ཆ་སྤུས་ཀ་དག་པ་དང་། བཟོ་རྩལ་རྙོག་འཛིང་ཆེ་བ། མཛེས་འཆོས་ཀྱི་རིན་ཐང་མཐོ་བ་བཅས་ཀྱིས་བོད་ལྷམ་གྱི་རིན་པ་མཐོ་ཤོས་ཤིག་རེད། ལྷམ་བཟོ་བའི་ལས་རིགས་ཁྲོད་དུ་ཟོམ་མཐིལ་ནང་ངོས་ཀྱི་ཕྱིང་པའམ་སྣམ་བུར་འཚེམ་བུ་ཧྲལ་པོ་རྒྱག་པར་ཧབ་འཚེམ་ཞེས་ཟེར་བ་དང་། ཟོམ་པའི་ངོས་སུ་འཚེམ་བུ་ཧྲལ་ལོས་འབྲིང་ཙམ་རྒྱག་པ་དེར་ཤར་རྒྱག་པ་ཟེར། སི་ཤན་ཚོས་སྣས་ཤིང་ལོ་དང་མེ་ཏོག་སོགས་ཀྱི་ཕར་ཆིན་ནམ་འཚེམ་དྲུབ་རྒྱག་པ་ནི་མུ་ཏིག་སྟར་ལ་བརྒྱུས་པ་དང་འདྲ་བའི་ཆ་ནས་མུ་ཏིག་འཚེམ་བུ་ཞེས་བརྗོད་ཀྱི་ཡོད།

        བོད་ལྷམ་བཟོ་སྐབས་ལས་རིམ་ཧ་ཅང་མང་པོ་བརྒྱུད་དགོས་ཀྱི་ཡོད་ཅིང་། ཀོ་ལྷམ་གྱི་རིགས་བཟོ་བར་ཆ་མཚོན་ན་པགས་པའི་ཞག་ཚི་འཐེན་པ་དང་། ཆུ་ལ་སྦོང་བ། སྤུ་འཐོག་པ། འགྲིལ་བ། དུ་སུབ་གཏོང་བ། མཉེས་པ། ཚོས་གཞི་གཏོང་བ་སོགས་ལས་རིམ་དགུ་བརྒྱུད་དགོས་པ་ལས་དུ་སུབ་གཏོང་བ་དང་མཉེས་པ་གཉིས་ནི་སྙུགས་རུས་ཆེན་པོ་དགོས་པའི་ལས་རིམ་གཉིས་ཡིན་པས་ལག་རྩལ་བའི་འཇོན་ཐང་དང་ཆུ་ཚད་ལ་གདེང་འཇོག་བྱ་ཡུལ་གཙོ་བོ་དེ་རེད། ཀོ་བའི་རྒྱུ་ཆ་གཏང་ཆོག་བཟོས་རྗེས། ད་དུང་ལས་རིམ་དྲུག་ཙམ་བརྒྱུད་རྗེས་ད་གཟོད་གཞི་ནས་རྐང་པར་འཇམ་ལ་མིག་ལ་མཛེས་པའི་ཀོ་ལྷམ་གྱི་རིགས་མང་པོ་ཞིག་བཟོ་ཐུབ་ཀྱི་ཡོད།

        ཀོ་ཟོམ་འཚེམ་པ་ནི་བོད་ལྷམ་གཞན་དང་འདྲ་ཡང་། ལྷམ་མཐིལ་དང་རི་བསླངས་ཟིན་རྗེས་འབྲི་གཡག་གི་ཀོ་བས་གཏུམ་དགོས་ཀྱི་ཡོད། དེ་བཞིན་དགུན་ཁའི་ལྷམ་ཀོ་ཏོ་ནི་ལྷམ་མཐིལ་དང་རི་ཚང་མ་ཀོ་བས་གཏུམ་གྱི་ཡོད་རུང་། ལྷམ་མཐིལ་ཟོམ་པ་བཏབ་པ་ལྟར་བཟོ་ལྟ་ཐོན་པོ་དེ་ཙམ་མེད། འོན་ཀྱང་སྣ་རྩེ་སྙུང་བའི་ཀོ་ཏོའི་སྣ་རྩེ་དང་ལྡེབས་ཚང་མར་ཁྱི་སྣ་སོགས་ཚོས་གཞི་སྣ་ཚོགས་བཏང་བའི་ཀོ་བས་རྒྱན་སྤྲོས་བྱས་ཡོད་ལ། ད་དུང་ལྷམ་དང་ལྷམ་ཡུའི་མཚམས་སུ་སྣམ་བུ་ཚོས་གཞི་སྣ་ཚོགས་ཀྱིས་འཇའ་སྒྲིག་པའམ་ཡང་ན་སྣམ་བུའམ་འགོ་སྣམ་དམར་པོ་དང་ལྗང་ཁུ་གོང་འོག་བྱས་ནས་བོལ་དཀྲིས་རྒྱག་སྲོལ་ཡང་འདུག དེ་མིན་ལྷམ་མཐིལ་ཀོ་བ་བརྩེགས་མ་ཡིན་ལ་ཧ་ཅང་རིང་བའི་ལྷམ་ཡུ་ཡང་ཀོ་བ་ཡིན་ལ་མེ་ཏོག་གིས་བརྒྱན་པའི་ཀོ་ལྷམ་ཤོལ་རྩེ་ཞེས་པ་དེ་ནི་དུས་རབས་ཉི་ཤུའི་དུས་འགོར་བོད་དུ་དར་བ་ཞིག་རེད། ཡང་ལྷམ་མཐིལ་ཀོ་བ་གཅིག་རྐྱང་དང་ཀོ་བརྩེགས་མའི་འགག་ལྷམ་རིགས་ཀྱི་ཡུ་བ་སྣམ་བུ་དང་ཀོ་བ་དམར་ནག་ཅི་རིགས་ཡོད་པ་དང་། ལྷམ་གྱི་སྣ་གདོང་དང་ལྡེབས་སོགས་སུ་སྣམ་བུ་དང་ཀོ་བ་ལྗང་ཁུ་དང་དམར་པོ་གང་རུང་གཏོང་སྲོལ་ཡོད་ལ། སྣ་གདོང་དུ་གོས་ཆེན་གྱི་རྒྱན་སྤྲོས་བྱེད་སྲོལ་ཡང་ཡོད། དམིགས་སུ་སྤྲོད་དགོས་པ་ཞིག་ནི་བོད་ཀྱི་དམངས་གཞས་སུ་ལྷམ་ལ་རྡོག་པ་མེད་ཀྱང་ཟེམ་ཟེམ་ཟེམ་ལ་བསྐྱོད་ཆོག་ཅེས་པའི་རྡོག་པ་ནི་ཀོ་ལྷམ་གྱི་ཞབས་མཐིལ་ཁེབས་ཙམ་གྱི་ཀོ་བ་ཞིག་སྦྱར་སྲོལ་ཡོད་པ་དང་དེ་རལ་བའམ་བརྡོལ་ན་གསར་པ་བརྗེ་ཆོག་ལ། ཡང་ཀོ་ཟོམ་ལྟ་བུ་དང་ཐོག་རྡོག་པ་མེད་རུང་ལྷམ་མཐིལ་གྱི་ཀོ་བ་རལ་བའམ་བརྡོལ་ན་རྡོག་པ་གསར་དུ་རྒྱག་ཆོག་གི་ཡོད། དེའང་ལྷམ་སྤྱི་ཡི་ཆོས་ཉིད་ལྟར་ལྷམ་ངོས་ཀྱིས་རྒྱུན་རིང་ཐུབ་པ་དང་ལྷམ་མཐིལ་ཟད་གྲོན་ཆེ་བས་ལྷམ་ལ་རྡོག་པ་ཐེངས་གཅིག་བརྒྱབ་ན་ལྷམ་གསར་པ་ལྟར་གྱོན་ཤེད་ཆེན་པོ་ཆགས་པས་ལྷམ་ལ་ལར་རྡོག་པ་ལན་མང་བརྒྱབ་ནས་ལོ་ནས་ལོ་བར་གྱོ ན་གྱི་ཡོད། བོད་རིགས་ཀྱིས་དབྱར་དགུན་གྱོན་པའི་ལྷམ་ཡོད་དོ་ཅོག་ཡུ་བ་ཅན་ཡིན་སྟབས། ལྷམ་སྒྲོག་དགོས་པ་དེ་ཡང་སི་ཤན་ནམ་བལ་སྐུད་ཚོས་སྣ་ཅན་འཇའ་སྒྲིག་པ་ནི་ལྟ་ན་སྡུག་པའི་ལྷམ་གྱི་བཟོ་རྩལ་རྣམ་གྲངས་ཤིག་རེད། དེ་མིན་འཇུར་ཏ་ཡུ་རིང་དང་ཡུ་ཐུང་གཉིས་ཀ་ཀོ་ལྷམ་ཡིན་ཞིང་། དུས་རབས་ཉི་ཤུ་པ་ནས་བོད་དུ་དར་བར་གྲགས་ལ། ལྷམ་དེའི་ལྷམ་མཐིལ་དང་། ལྷམ་ངོས། ཡུ་བ་ཚང་མ་ཀོ་བ་ཡིན་པ་དང་རྩི་ནག་པོ་དང་དམར་སྨུག་སོགས་བྱུགས་པས་མཛེས་ལ་སྤམ་པོ་ཡོད་པ་དང་ལྷག་དོན་ལྷམ་ཡུ་བ་ཅན་གྱོན་རྒྱུར་གོམས་པ་དང་རྟ་དྲེལ་བཞོན་རྒྱུར་དགའ་བའི་བོད་རིགས་ཚོར་ཧ་ཅང་འཚམ་པོ་བྱུང་ཡོད་པས་དུས་ད་ལྟའི་བར་བོད་མིའི་རྒྱན་གོས་ཁྲོད་དུ་གནས་ཡོད།

        ལྷམ་གྱི་སྐོར་ནས་བཤད་ན། ཆོས་སྐྱོང་སྲུང་མ་སོགས་ཀྱི་ཞབས་ལ་མཐོང་རྒྱུ་མང་བའི་སག་ལྷམ་དང་། དེ་སྔ་རིམ་པ་བཞི་པ་ཡན་གྱི་དཔོན་གནས་ཡོད་པས་གྱོན་ཞིང་སྣ་རྩེ་མཐོ་ལ་གསེར་སྐུད་བཏང་བའི་ལྷམ་འཇའ་ཆེན། དགེ་འདུན་པས་མཆོད་པའི་ཤ་གཟུགས་མ་ཟེར་བ་སོགས་ཡོད་པ་དང་། ཡུལ་ལུང་མི་འདྲ་བར་ལྷམ་གྱི་བྱེ་བྲག་མི་གཅིག་པ་མང་བ་དཔེར་ན་ཀོ་བའི་ལྷམ་ལ་གོས་ཆེན་ཚོས་སྣས་འཇའ་བསྒྲིགས་པ་དང་། སྣ་མཐོ་བ། སྐུད་པ་ཚོས་སྣས་རྒྱན་བརྒྱབ་པ་བཅས་ཀྱི་ཀོང་ལྷམ་སྣ་ཙོག་ལྟ་བུ་རེད། དེས་མ་ཚད་དུས་དེང་སང་མིང་དོན་མཚུངས་པའི་རས་ལྷམ་དང་འགྱིག་ལྷམ་སྣ་ཚོགས་ཀྱང་བོད་མིའི་འཚོ་བའི་ཁྲོད་དུ་ཁྱབ་བཞིན་་ཡོད། ད་དུངབོད་ལྷམ་སྣ་འཁྱིལ་མ་དང་། སྦལ་ཁ། རྒྱལ་ལྷམ། ཕྱིང་འབོབ། ཐིག་འབོབ། ལྷམ་རྟ་ཟོམ་མ། ལྷམ་སྤུ་མ། ལྷམ་སྦུག་རིལ་སོགས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་ཅིང་། སྤྱིར་བོད་ལྷམ་ནི་གྱོན་ཆས་སྤྱིར་བཏང་ཞིག་མ་ཡིན་པར་ལོ་རྒྱུས་དང་། མི་རིགས། རིག་གནས་བཅས་ཀྱི་རྟགས་དམ་མངོན་གསལ་དོད་པའི་རྒྱན་གོས་རིག་གནས་ཤིག་རེད།

        བོད་ལྷམ་བཟོ་མཁན་རྒྱུན་འཛིན་པ།

        བོད་ལྷམ་གྱི་ལོ་རྒྱུས་ཧ་ཅང་རིང་བ་དང་། བཟོ་རྩལ་དང་རྒྱུ་ཆ་དམིགས་བསལ་ཆེ་བ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་ཀྱི་ལག་ཤེས་ཐོན་རྫས་ཤིག་ཡིན་རུང་། ད་ཆ་ལག་རྩལ་པ་ཧ་ཅང་ཉུང་ངུ་ཆགས་པ་དང་ལྷག་དོན་ཟོམ་མཐིལ་འདེབས་མཁན་ཇེ་ཉུང་དུ་འགྲོ་གི་ཡོད། དཔེར་ན་ལོ་ཁ་ཤས་སྔོན་དུ་སྙེ་མོ་རྫོང་དར་གྲོང་གྲོང་རྡལ་ཞོ་ལེགས་གྲོང་ཚོར་ཟོམ་པ་འདེབས་མཁན་མང་པོ་ཡོད་རུང། ད་ཆ་རྒྱུན་འཛིན་པ་ཚོགས་ཆུང་གསུམ་པའི་དབང་འདུས་ཁྱིམ་ཚང་ལས་ལྷག་མེད། ཞོ་ལེགས་ཀྱི་ལྷམ་ནི་སྤྱིར་ན་ཟོམ་མཐིལ་ནང་ངོས་སུ་ར་སྤུ་འདིང་གི་ཡོད་པ་དང་ཕྱི་ངོས་སོ་མ་ར་ཙ་ཡིན་པས་ནམ་ཟླ་དུས་བཞི་ཚང་མར་གྱོན་ཆོག་པ་དང་དབྱར་ཁ་བསིལ་ལ་དགུན་ཁ་དྲོ་བའི་ཁྱད་ཆོས་ལྡན་ཡོད། ལྷག་དོན་ཕྱི་སྲ་ལ་ནང་ངོས་འཇམ་པ་དང་། རྔུལ་ནག་མི་རྒྱག་པ། རྐང་པར་འཇམ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཞོ་ལེགས་བོད་ལྷམ་གྱི་ལྷམ་ངོས་དང་ལྷམ་ཡུ་ནི་སྣམ་བུ་ནག་པོ་དང་། དམར་པོ། ལྗང་ཁུ་བཅས་གསུམ་སྤྱོད་པ་དང་མེ་ཏོག་གམ་རི་མོ་ནི་རྒྱས་བསྡུས་སྣ་ཚོགས་བྱ་ཆོག ཞོ་ལེགས་ཀྱི་ལྷམ་ནི་སྲོལ་རྒྱུན་གྱི་བཟོ་རྩལ་སྤྱད་པའི་ཐོག རང་བྱུང་ལྷད་མེད་ཀྱི་རྒྱུ་ཆ་ལས་བཟོས་པ་ཞིག་ཡིན་རུང་། བཟོ་ཁང་ཆུང་ངུར་བརྟེན་ནས་རང་ཚོང་བྱེད་པ་དང་བར་སྐོར་ཁྲོམ་གཞུང་གི་ཚོང་ཁང་ཁག་གཅིག་ལ་མཁོ་འདོན་བྱེད་ཀྱི་ཡོད། གནས་ཚུལ་དེ་ལྟ་བུའི་འོག་ད་ཆ་ལག་རྩལ་དེ་རྒྱུན་འཛིན་ལེགས་པོ་ཐུབ་མིན་གྱི་འགག་རྩའི་དུས་ལ་སླེབས་ཡོད་པས། ཚང་མས་ཇུས་ཤུགས་མཉམ་འདོན་བྱེད་པའི་དགོས་པ་ཆེན་པོ་ཡོད།

        ད་དུང་དེང་སང་ཁྲོམ་རར་དགའ་སྟོང་བོད་ལྷམ་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། དེ་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྟོང་གྲོང་རྡལ་དར་རྒྱས་སྲོལ་རྒྱུན་གྱོན་ཆས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་བཟོས་པ་ཞིག་རེད། དགའ་སྟོང་བོད་ལྷམ་བཟོ་རྩལ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་རུང་། བར་སྐབས་ཤིག་དེའི་བཟོ་རྒྱུན་སྟོངས་ལ་ཉེ་བར་གྱུར། 2012ལོར་དགའ་སྟོང་གྲོང་རྡལ་མ་དབྱེར་གྲོང་ཚོའི་གྲོང་མི་པ་སངས་ཚེ་རིང་གིས་གྲོང་མི་ཚོའི་རོགས་རམ་འོག་མཉམ་ལས་ཁང་དེ་བཙུགས་པ་མ་ཟད། གླ་ཆ་མཐོ་པོ་སྤྲད་དེ་འཚེམ་བཟོ་དབུ་ཆེན་གདན་དྲངས་ནས་བོད་ལྷམ་གྱིས་གཙོས་པའི་སྲོལ་རྒྱུན་བོད་ཆས་འཚེམ་བཟོའི་སྦྱོང་བརྡར་འཛིན་གྲྭ་གཉེར་བས། ད་ཆ་ལས་བཟོ་བ་45དང་ལག་རྩལ་པ་15ཙམ་ཡོད་པའི་མཉམ་ལས་ཁང་ཞིག་ཏུ་འཕེལ་རྒྱས་བྱུང་ནས་སྲོལ་རྒྱུན་གྱི་བོད་ལྷམ་བཟོ་བ་མ་ཟད། དེང་དུས་དར་གསོ་ཆེ་བའི་བོད་ལྷམ་ཡུ་རིང་ཡུ་ཐུང་སྣ་ཚོགས་བཟོ་བའི་རང་ལྗོངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཐོན་ལས་རྟེན་གཞི་ཆེ་གྲས་ཤིག་ཏུ་གྱུར་པས་བོད་ཀྱི་ས་ཕྱོགས་ཁག་ནས་མངགས་ཉོ་བྱེད་མཁན་མང་ཞིང་། 2016ལོར་སླེབས་སྐབས་གཏན་འཇགས་མ་རྩ་སྒོར་ཁྲི་1500ཡོད་པ་དང་། ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་80ཟིན་པ། ཁེ་སྤོགས་སྒོར་ཁྲི་36བྱུང་ཞིང་། ཚོང་གཉེར་གྱི་གཞི་ཁྱོན་ཡང་ཇེ་ཆེར་ཕྱིན་ནས་ད་ཆ་ལྷ་ས་དང་གཞིས་རྩེ་སོགས་སུ་ཕྱིར་ཚོང་ཁང་ཁག་བཞི་བཙུགས་ཡོད། དགའ་སྟོང་བོད་ལྷམ་ལ་རྟིང་པར་མཐོ་ཚད་ཚོན་གཉིས་ཙམ་ཡོད་པའི་དགེ་འདུན་པའི་ལྷམ་འཇའ་ཆེན་དང་ཤ་གཟུགས་མ་བྱ་བ་གཉིས་ཡོད་པའི་ཚོས་གཞི་རྒྱང་བཀྲག་ཆེ་བའི་ལྷམ་ཤ་གཟུགས་མ་ནི་སྤྱིར་ན་དགེ་འདུན་པ་ཚོས་འཆམ་རྒྱག་སྐབས་མཆོད་ཀྱི་ཡོད། སྐྱེས་པ་ཚོས་གྱོན་པའི་ལྷམ་འགག་ལོའི་ཚོས་གཞི་སྣུམ་ཙམ་ཡོད་པ་དང་ལྷམ་གྱི་རུ་ནི་པགས་པ་ནག་པོ་ཡིན་པ་དང་། ཟོམ་པ་ཆ་གཅིག་འཚེམ་པར་ཉིན་ཉི་ཤུ་ཙམ་དགོས་པ་དང་། ཟོམ་མཐིལ་ནི་པགས་པས་བཟོས་པ་ཞིག་ཡིན་པ་དེར་ར་སྤུ་སོགས་སྤུ་ཚོན་གཅིག་ཙམ་བཏིངས་ནས་འཚེམ་བུ་ཞིབ་ཚགས་བརྒྱབ་ཡོད། ཟོམ་པའི་ངོས་ཀྱི་གཞི་གདན་ནི་ཚོས་གཞི་དམར་པོ་ཡིན་པ་དང་། སླར་ཡང་ཚོས་གཞི་དམར་པོ་དང་། སེར་པོ། ལྗང་ཁུ། སྔོན་པོ་བཅས་ཀྱི་སྟོང་སྐུད་ཚོས་གཞི་བརྒྱད་སྤྱད་དེ་ལག་འཚེམ་གྱིས་ཡིད་དབང་འཕྲོག་པའི་མེ་ཏོག་དང་རི་མོ་སྣ་ཚོགས་རྒྱག་གི་ཡོད། སྤྱིར་བོད་ལྷམ་གྱི་ཡུ་བ་ནི་སྣམ་བུ་སྤུ་ཕྲུག་ནག་པོས་བཟོ་གི་ཡོད་ལ་ལྷམ་ཡུ་དང་ལྷམ་སྦྲེལ་མཚམས་སུ་ཚོས་གཞི་ལྗང་ཁུ་སྤྱོད་པ་མ་ཟད། ལྷམ་ཡུའི་མདུན་ངོས་སུ་གཞི་གདན་ལྗང་ཁུ་དང་དམར་པོའི་སྒ་རིས་འཚེམ་གདན་ངོས་སུ་མེ་ཏོག་ཚོམ་བུས་མཛེས་པར་རྒྱན་གྱི་ཡོད། ད་དུང་ལྷམ་གྱི་བཟོ་དབྱིབས་རགས་ཙམ་ཐོན་སྐབས་ལྷམ་གྱི་ཆེ་ཆུང་ལ་གཞིགས་པའི་རྡོའམ་ཤིང་རྒྱང་ནས་ཉིན་ཁ་ཤས་བཞག་ན་ཕྱིས་འབྱུང་ལྷམ་གྱི་བཟོ་ལྟ་མི་འགྱུར་བའི་འགན་ལེན་བྱེད་ཐུབ་ཀྱི་ཡོད།

        བོད་ལྷམ་རྒྱུན་འཛིན་པ་གཞན་ཞིག་གི་ངོས་ནས་བཤད་ན། ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་སློབ་གྲྭ་ནི་གཞི་ཁྱོན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། སློབ་གྲྭ་འཛུགས་མཁན་ནི་1960ལོ་ནས་བཟུང་རྒྱལ་ཁ་མཉམ་ལས་ཁང་དང་། ཁྲེང་ཀོན་ཆུས་ལྷམ་བཟོ་གྲྭ་སོགས་སུ་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་གཞོལ་མྱོང་བའི་བྱམས་པ་བརྩོན་འགྲུས་ཡིན་ཞིང་། 1990ལོར་ཁོང་གིས་མི་ཚེའི་དོན་སྙིང་ཆེ་ཤོས་ཀྱི་བྱ་གཞག་ཅིག་བརྩམས་པ་ནི་མ་དངུལ་སྒོར་ཁྲི་40ལྷག་ཙམ་གྲབས་གསོག་བྱས་ནས། ཁྲེང་ཀོན་ཆུས་ལྷམ་བཟོ་གྲྭ་དེ་ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་ཕན་བདེ་མི་རིགས་ལག་ཤེས་ཕྱོགས་བསྡུས་བཟོ་གྲྭར་བསྒྱུར་ཞིང་། དེ་ནི་བོད་ཀྱི་ཆེད་མངགས་དབང་པོ་སྐྱོན་ཅན་གྱི་གཞོན་ནུ་དང་དྭ་ཕྲུག་གསོ་སྐྱོང་བྱེད་སའི་སློབ་གྲྭ་དང་པོ་དེ་ཡིན་ལ་ད་ཆའི་འཇའ་ཚོན་ཆུ་མིག་ཕན་བདེའི་སློབ་གྲྭ་དེ་རེད།

        ད་ཆ་འཇའ་ཚོན་ཆུ་མིག་ཕན་བདེ་སློབ་གྲྭར་སློབ་མ་མང་པོ་ཡོད་པ་དང་། ཁོང་ཚོས་བོད་ཀྱི་བཟོ་རྩལ་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་འགན་འཁྲི་འཁུར་བཞིན་ཡོད་ཅིང་། ཁོང་ཚོས་བཟོས་པའི་ལྷམ་གྱི་རྒྱུ་ཆ་ལེགས་ལ་བཟོ་སྤུས་དག་པས་མི་དམངས་ཤོག་སྒོར་600ནས་800ཙམ་རི་བའི་སྤྱིར་བཏང་གི་བོད་ལྷམ་དང་སྒོར་1800ནས་2000བར་རི་བའི་བཟོ་རྩལ་རྙོག་འཛིང་ཆེ་བའི་ལྷམ་ཡང་ཡོད་པ་དེ་དག་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ད་ཆ་སློབ་གྲྭ་དེས་ལྷ་ས་གྲོང་ཁྱེར་དུ་བོད་ལྷམ་ཆེད་ཚོང་ཁང་གཉིས་བཙུགས་ཡོད་པ་དང་ཚབ་ཚོང་བྱ་ཡུལ་ཡང་མང་པོ་བཙུགས་ནས་རང་ཉིད་ཀྱི་ཚོང་གཉེར་གྱི་གནམ་ས་ཇེ་ཡངས་སུ་གཏོང་བཞིན་ཡོད་པ་རེད།

མདོར་ན་བོད་ལྷམ་ནི་ཚོས་གཞི་མཛེས་སྡུག་ལྡན་ལ། སྤྱོད་ཤེད་ཆེ་བ། ཡང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་དེང་སང་ཉོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལྷག་དོན་དུས་ཆེན་དང་ཆང་ས་སོགས་ལ་ངེས་པར་དུ་གྱོན་གྱི་ཡོད་པས་བོད་ལྷམ་ནི་མི་རིགས་གྱོན་གོས་ཀྱི་རྟགས་དམ་གསལ་བའི་ཕུལ་བྱུང་གི་བཟོ་རྩལ་ཐོན་དངོས་ཤིག་ཡིན་ནོ།