རྒྱ་བོད་ཡིག་སྒྱུར་ལས་ཐ་སྙད་གསར་པ་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        དེ་ཡང་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཞེས་གསུངས་པ་ཇི་བཞིན་ཐ་སྙད་ནི་བརྗོད་བྱའི་དོན་ཐམས་ཅད་གསལ་པོར་སྟོན་བྱེད་ཀྱི་གཞི་ལྟ་བུར་སོང་ཡོད། ཐ་སྙད་ཡུལ་ལ་འཇུག་མིན་དང་མིང་བརྡ་དོན་ལ་འབྱོར་མིན་ནི་འགྱུར་ཡིག་ཡག་པོ་འཁྱོངས་མིན་གྱི་འགག་རྩ་ལྟ་བུ་ཞིག་རེད། དེ་ལ་སྔོན་བྱོན་དམ་པ་དག་ལ་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་མཆིས་མོད་མདོར་ན། དོན་སྒྱུར་དང་། ཐད་སྒྱུར། སྒྲ་སྒྱུར་བཅས་ཀྱི་ཐབས་ཤེས་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ། གོང་དུ་བརྗོད་པ་ལྟར། འགྱུར་ཡིག་ལེགས་པོ་ཞིག་འཁྱོངས་མིན་དེ་ཐ་སྙད་ཡུལ་ལ་འཇུག་མིན་དང་མིང་བརྡ་དོན་ལ་འབྱོར་མིན་ལ་རག་ལུས་ཤིང་། དེ་ཡང་རང་སྐད་ཀྱི་སྔར་ཡོད་ཐ་སྙད་རིགས་འཚོལ་བ་དང་། རང་སྐད་ཀྱི་བརྡ་སྤྲོད་ལུགས་དང་མིང་གི་གྲུབ་སྟངས་དང་མཐུན་པའི་ཐ་སྙད་གསར་པ་བཟོ་བ། ཕྱི་འོང་མིང་ཚིག་ལ་ལའི་སྒྲ་རང་སོར་འཇོག་པ་བཅས་ཀྱི་སྒྱུར་ཐབས་སྤྱོད་དགོས།

གཅིག རང་སྐད་ཀྱི་སྔར་ཡོད་ཐ་སྙད་དག་འཚོལ་བའི་སྐོར།

        རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་ལོབས་སུ་སོང་བའི་ཐ་སྙད་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་རྣམ་ཀུན་སྒྱུར་ཡིག་ནང་ལེགས་པར་སྤྱོད་ཐུབ་ན། དོན་ལ་འཇུག་ཅིང་ཀུན་གྱིས་གོ་བདེ་བ་ཞིག་ཡོང་རྒྱུ་གོར་མ་ཆག དཔེར་ན། མ་ཡིག་གི“精神食粮”ཞེས་པར་རང་རེའི་བོད་སྐད་དུ་ཡིད་གསོས་ཞེས་པའི་ཐ་སྙད་སྦྱར་རྒྱུ་ཡོད་པ་དང་། ད་དུང“打火机”ལ་མེ་ཆ་དང་། “胸罩”ལ་བྲང་མཆིང་སོགས་གོ་བརྡ་འཕྲོད་ཐུབ་ལ་འབྲེལ་ཆགས་པའི་ཐ་སྙད་འདི་ལྟ་བུ་བརྗོད་ཀྱིས་མི་ལང་བ་ཡོད་པ་འདིར་དཔེ་མཚོན་ཙམ་ལས་རེ་རེ་བཞིན་འགོད་པའི་གནད་མ་མཆིས། གལ་ཏེ་ལག་ལེན་དངོས་སུ་ཐ་སྙད་མིང་ཚིག་དེ་དག་གཅིག་གྱུར་བེད་སྤྱོད་མ་བཏང་ཚེ། གཅིག་ནས་མིང་ཚིག་འདི་ཚོ་རིམ་བཞིན་ཉམས་འགྲོ་བ་དང་། གཉིས་ནས་མ་ཡིག་ནང་དོན་གཅིག་ལ་འགྱུར་ཡིག་མི་འདྲ་བ་སྟེ། དུས་རབས་རེར་རྣམ་གྲངས་རེའམ་ཡུལ་རེར་རྣམ་གྲངས་རེ་ཆགས་འགྲོ། དེ་ཡང་དེང་སྐབས་རང་གི་སྔར་ཡོད་ཐ་སྙད་དག་ཡོད་བཞིན་དུ་གསར་བཟོ་གནང་ནས་སྤྱོད་མུས་སུ་ཡོད་པ་དཔེར་མཚོན་ཙམ་འགོད་ན། “肉眼”ལ་ཤ་མིག་ཅེས་བསྒྱུར་མོད། དོན་དུ་ཆུ་བུར་མིག་ཅེས་པའི་སྲོལ་རྒྱུན་གྱི་ཐ་སྙད་ཡོད་པ་དང་། ཡང“私生子”ལ་བྱི་ཕྲུག་ཅེས་བསྒྱུར་མོད། དོན་དུ་ཐང་བུ་ཞེས་པའི་སྲོལ་རྒྱུན་གྱི་ཐ་སྙད་ཡོད། ད་དུང་། “缺席”ལ་ཞུགས་རྒྱུ་ཆད་པ་ཞེས་བསྒྱུར་མོད། དོན་དུ་ཆད་སྟོང་ཞེས་པའི་སྲོལ་རྒྱུན་གྱི་ཐ་སྙད་ཡོད།

དེས་ན་ད་ལྟ་རང་མི་རིགས་ཀྱི་སྲོལ་རྒྱུན་མིང་བརྡ་བཀོལ་སྤྱོད་དེ་ཙམ་བྱེད་ཐུབ་ཀྱི་མེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། ལོ་ཙཱ་བ་རང་ཉིད་སྲོལ་རྒྱུན་རིག་གནས་ལ་མྱོང་འདྲིས་ཆུང་ཞིང་། རིག་གནས་གཞན་གྱི་ཤུགས་རྐྱེན་ཐེབས་དྲགས་པས་ཐ་སྙད་བཀོལ་སྲོལ་དང་སྐད་ཆའི་བརྡ་སྤྲོད་ལུགས་སོགས་ལའང་གཞན་གྱིས་ཤན་ཤུགས་ཐེབས་པས་ཡིན་པར་འདོད།

གཉིས། རང་སྐད་དུ་སྔར་མེད་ཀྱི་ཐ་སྙད་གསར་པ་བཟོ་བའི་སྐོར།

        དེ་ཡང་ཐ་སྙད་གསར་པ་བཟོ་སྐབས་རྒྱ་བོད་སྐད་ཡིག་དབར་ཐ་སྙད་གྲུབ་སྟངས་ཐད་ཀྱི་ཁྱད་པར་དེ་ཤེས་དགོས་པ་དང་འབྲེལ་བོད་སྐད་ཀྱི་ཐ་སྙད་གྲུབ་སྟངས་ཀྱི་ཁྱད་ཆོས་ལ་དོ་སྣང་དང་ཞིབ་འཇུག་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་མཐོང་། དེ་བས་ཐ་སྙད་གསར་པར་གཤམ་གྱི་ཆ་རྐྱེན་གསུམ་པོ་ཚང་དགོས་ཀྱི་འདུག

        1.མིང་དུ་འགྲུབ་ཐུབ་པ། འདིའི་དོན་ནི་ཚིག་ཕྲད་དང་མིང་དུ་མ་མཉམ་དུ་བསྒྲིགས་ནས་གྲུབ་པ་དང་། དངོས་པོ་དེ་གང་ལ་འཇུག་བྱེད་ཀྱི་རྒྱུ་མཚན་བཀོད་པའི་འགྲེལ་བཤད་ལྟ་བུ་ཞིག་མ་ཡིན་པར་ངེས་པར་དུ་དངོས་པོའི་ངོ་བོ་དང་ཁྱད་ཆོས་གང་བསྡུས་པའི་ཐོག་ནས་དངོས་པོ་མཚོན་བྱེད་ཀྱི་བརྡ་ཞིག་རང་དུ་འགྲུབ་དགོས། སྤྱིར་རྒྱ་བོད་སྐད་ཡིག་གཉིས་ཀྱི་མིང་གི་གྲུབ་སྟངས་ཐ་དད་ཡིན་ལ། རང་རང་སོ་སོར་ཁྱད་ཆོས་རེ་ཡོད་པ་རྒྱ་ཡིག་ལ་མཚོན་ན་མིང་དང་ཚིག་ཅེས་དབྱེ་རྒྱུ་མེད་པར་སྤྱི་ཐོག་ཏུ་མིང་ཚིག་ཅེས་འབོད་པ་དཔེར་ན། “洗洁精”ལྟ་བུ་དང་། བོད་སྐད་ལ་མཚོན་ན་དག་རྫས་ཁུ་བ་ཞེས་མིང་དུ་འགྲུབ་མི་ཐུབ་པ་ཡིན། ཅིའི་ཕྱིར་ཞེ་ན། བོད་སྐད་ལ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་། དེའི་ཁྱད་པར་སོགས་སྟོན་པའི་ཚིག་གཉིས་ལོགས་སུ་དབྱེ་དགོས་པས་སོ། དེ་ཡང《བརྡ་སྤྲོད་བློ་གསལ་དགའ་སྟོན》ལས“མིང་དེ་དོན་གྱི་ངོ་བོ་སྟོན་པའི་ཆ་ནས་འཇོག་དགོས་པ་དང་། ཚིག་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ཏེ་སྟོན་པའི་ཆ་ནས་འཇོག་དགོས”ཞེས་གསུངས་པ་ལྟར་ན། ཐ་སྙད་ཀྱི་རིགས་ནི་མིང་རང་དུ་འགྲུབ་དགོས་པ་ལས་མིང་དང་ཁྱད་ཆོས་སྟོན་པའི་ཚིག་མང་པོ་མཉམ་དུ་འདུས་ན་མིང་དུ་གྲུབ་མི་ཐུབ། དག་རྫས་ཁུ་བ་ཞེས་པའི་མིང་ཚིག་དེའི་ནང་དོན་དངོས་པོའི་ངོ་བོ་སྟོན་པའི་མིང་དག་རྫས་དང་དེའི་ཁྱད་པར་སྟོན་པའི་ཚིག་ཁུ་བ་གཉིས་མཉམ་དུ་འདུས་ཡོད་པས་མིང་ཞིག་ཏུ་འགྲུབ་ག་ལ་ཐུབ། ཐ་སྙད་གསར་པ་བཟོ་དུས་མིང་རང་དུ་འགྲུབ་པ་ཞིག་ལས་མིང་དང་ཚིག་མཉམ་དུ་འདུས་པ་ཞིག་བཟོས་ན་དེ་ནི་ཡིག་སྒྱུར་གྱི་ཕམ་ཁ་ཆེན་པོ་ཞིག་གོ

        2.བརྗོད་བདེ་བའི་ཁྱད་ཆོས། བརྗོད་པ་བདེ་པོ་དགོས་པར་ཐོག་མར་མིང་ཚིག་གྲུབ་སྟངས་ཀྱི་སྒྲ་དང་ཚིག་སྦྱོར་གཉིས་ཀ་མཐུན་པོ་དང་འཇུག་པོ་དགོས་པའི་རྨང་གཞིའི་ཐོག་ཚིག་གང་བསྡུས་བསྡུས་ཀྱི་སྒོ་ནས་མིང་འདོགས་དགོས་པས་སྤྱིར་ན་ཡིག་འབྲུ་མང་མི་རུང་ཞིང་། དེ་ཡང་སྒྲ་ཟློས་ཚིག་ཟློས་དང་། ཚིག་སྦྱོར་སྔ་ཕྱི་ལོག་པའི་རིགས་སོགས་མེད་པར་ངག་ནས་བརྫོད་བདེ་བ་དང་ཡིད་ལ་འཇགས་བདེ་བ་ཞིག་བྱུང་ན་མིང་བརྡ་དེ་ཀུན་གྱི་ངག་རྒྱུན་དུ་འབྱམས་ནས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བ་གོར་མ་ཆག་པ་དཔེར་ན། “黑社会”ཞེས་པར་ཚིག་མཛོད་དུ“指社会上暗中进行不法犯罪活动的各种黑暗势力”ཞེས་འགྲེལ་པ་བརྒྱབ་ཡོད་ལུགས་ལ་གཞིགས་ན། དེ་ནི་སྤྱི་ཚོགས་ཐོག་ནག་ཉེས་འདྲ་མིན་རིགས་གསོག་མཁན་གྱི་ཚོགས་པ་ཞིག་ཡིན་པས། དེའི་ངོ་བོ་སྟོན་པའི་གཙོ་ཚིག་ནག་དང་ཚོགས་གཉིས་མཉམ་དུ་སྦྱར་ཏེ་ནག་ཚོགས་ཞེས་བསྒྱུར་པས། བོད་སྐད་ཀྱི་མིང་བརྡ་གྲུབ་སྟངས་ཀྱི་ཁྱད་ཆོས་དང་འཚམ་ལ་ངག་ནས་ཀྱང་བརྗོད་བདེ་བས་ཁྱབ་སླ་ཞིང་ཡིད་ལ་འཇགས་བདེ་བས་ཡིག་སྒྱུར་གྱི་གོ་དོན་ཚང་ཡོད་པར་སྙམ།

        3.བསྟན་བྱའི་དངོས་པོ་ངོས་འཛིན་བདེ་བ། དངོས་པོ་ཡོད་དོ་ཅོག་ལ་རང་རང་ངོས་འཛིན་པའི་བརྡ་རེ་ཡོད་པ་དེ་ནི་མིང་ཡིན་ཏེ། དེ་ལ་ཡང་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་བརྡ་ཁག་གཉིས་སུ་དབྱེ་བ་ལས་གསར་ཐོན་ཐ་སྙད་རིགས་ནི་རྗེས་གྲུབ་ཀྱི་མིང་བརྡ་ཞིག་ཡིན་དགོས་པས་ངེས་པར་དུ་དངོས་པོའི་འདྲ་འབྲེལ་གྱི་རྒྱུ་མཚན་གང་རུང་ལ་བསྟུན་ནས་མིང་བརྗོད་པ་ཙམ་གྱི་དངོས་པོ་ངོས་འཛིན་ཐུབ་ལ་ཡིག་དོན་ནས་དངོས་པོ་དེ་གང་ཡིན་པ་བློ་ངོར་འཕྲལ་དུ་འཆར་ཐུབ་པ་དགོས།

ཐ་སྙད་གསར་པ་བཟོ་སྐབས་གོང་གསལ་གྱི་ཆ་རྐྱེན་གསུམ་པོ་ངེས་པར་དུ་འཛོམས་དགོས་ལ་བོད་སྐད་ཀྱི་ཐ་སྙད་གྲུབ་སྟངས་ཀྱི་ཁྱད་ཆོས་ལ་བསྟུན་དགོས་པ་དེ་ནི་དེ་བས་ཀྱང་གལ་ཆེ་བར་སེམས། གལ་ཏེ་རང་སྐད་ཀྱི་ཐ་སྙད་གྲུབ་སྟངས་ཀྱི་ཁྱད་ཆོས་དང་མ་མཐུན་ན་གོང་གསལ་གྱི་ཆ་རྐྱེན་གསུམ་པོ་དེ་འགྲུབ་དཀའ་བ་ཡིན་ལ་ཅི་སྟེ་གྲུབ་ཀྱང་ཀློག་པ་པོས་གོ་མི་ཐུབ་པས་དེར་རང་རེའི་ལོ་ཙཱ་བ་རྣམས་ཀྱི་སྣང་ཆུང་གཏན་ནས་བྱེད་མི་རུང་།

གསུམ། ཕྱི་འོང་ཐ་སྙད་འགའི་སྒྲ་རང་སོར་འཇོག་རྒྱུའི་སྐོར།

        དེ་ཡང་དེང་སྐབས་དམིགས་བསལ་གྱི་ཕྱི་འོང་ཐ་སྙད་དེ། “U盘”(Uཕན)དང“安乃近”( ཨེན་ནེ་ཅིན)ཞེས་པ་ལྟ་བུ་ཡིག་སྒྱུར་བྱེད་དུས་ཡིག་སྒྱུར་གྱི་ཐབས་དམ་པ་བཞི་ལས་སྒྲ་བཙན་པའམ། སྒྲ་རང་སོར་འཇོག་པའི་ཐབས་ཤེས་སྤྱད་ན་ལེགས། དེ་ཡང་ཨ་རིའི་ལོ་ཙཱ་བ་གྲགས་ཅན་ཡིའུ་ཅིན་ནེ་ཏ(尤金奈达)ལགས་ཀྱིས་སྐད་ཆའི་ཁྱད་ཆོས་གཙོ་བོ་ནི་འགྱུར་བ་ལྡན་པ་དེ་ཡིན་ལ། དེའི་འགྱུར་ལྡོག་གི་སྤྱིར་བཏང་གི་ཁྱད་ཆོས་ནི་ཕྱི་འོང་ཐ་སྙད་ནང་འདྲེན་བྱེད་སླ་བ་དེ་ཡིན་ཞེས་གསུངས་ཡོད། དེ་ནི་སྐད་རིགས་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཆེས་འབྱུང་སླ་བའི་སྣང་ཚུལ་ཞིག་ཡིན། དེང་སང་གི་ལོ་ཙཱ་བ་རེ་འགས་སྒྲ་རང་སོར་བཞག་པར་གཡར་སྒྱུར་ཞེས་མིང་བཏགས་པའང་ཡོད་མོད། དེའང་མཐར་གཏུགས་ནས་བཤད་ན་སྒྲ་སྒྱུར་གྱི་ཁོངས་སུ་བསྡུ་ཆོག

        གལ་ཏེ་ཕྱི་འོང་ཐ་སྙད་གཙོ་བོར་བྱས་པའི་མིང་མང་པོ་ཞིག་ལ་སྒྲ་སྒྱུར་དོན་ལྡན(音意兼译)གྱི་སྒྲ་སྒྱུར་གྱི་ཐབས་འདི་བཀོལ་ཐུབ་ན། དགེ་མཚན་ཆེན་པོ་འདུག དཔེར་ན། “汉堡包”ལ་ཧེན་བག་དང་། “苏打”ལ་སོབ་ཐལ། “高尔夫”ལ་གོར་སྤོ་ལྟ་བུར་བསྒྱུར་ན། བསྒྱུར་བྱའི་སྒྲ་རང་སོར་བཞག་ཐུབ་པ་མ་ཟད། སྒྱུར་བྱེད་ཡི་གེའི་རིག་གནས་ཀྱི་ཁྱད་ཆོས་ཀྱང་ལྡན་ཐུབ་སྟེ། མིང་བཤད་མ་ཐག་དངོས་པོ་གང་ཡིན་པ་ཤེས་ཐུབ་པའི་དགེ་མཚན་ཆེའོ།

        སྤྱིར་ཐ་སྙད་གསར་པ་ནི་དངོས་པོའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཆར་རྗེས་ཤ་མོ་བརྡོལ་བ་ལྟར་བྱུང་དང་འབྱུང་བཞིན་ཡོད་པ་དང་། འདིར་གཙོ་བོ་བོད་འགྱུར་མའི་ཐ་སྙད་གསར་བ་འགའ་དཔེར་དྲངས་ནས་དེ་དག་གི་སྒྱུར་ཐབས་ལ་དཔྱད་པ་ཅུང་ཟད་ཙམ་བཏང་ཁུལ་བྱས་ཡོད་མོད། ཐོས་བསམ་གྱི་གོམ་ཁ་དལ་བའི་དབང་གིས་དོན་གྱི་གནད་ལ་མ་ཕྱོགས་པ་དང་མ་རྟོགས་ལོག་རྟོག་གི་བཤད་ཉེས་གང་མང་ཐོན་ངེས་པས་ཆོས་སྤྱན་དང་ལྡན་པའི་གཟིགས་མཁན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོང་བར་མཁྱེན་མཁྱེན།། (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རིག་འཛིན)