བོད་དུ་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་བསྟན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-14   རྩོམ་ཁུངས།    མི་དམངས་དྲ་བ།

    ཚེས་10ཉིན་གྱི་ཕྱི་དྲོ།“སྲོག་ཆགས་དང་རང་བྱུང”གིས་བརྗོད་དོན་གཙོ་བོ་བྱས་པའི་གློག་བརྙན་འགྲེམས་སྟོན་དཔྱད་བསྡུར་གྱི་ཚོགས་འདུ་གཟབ་རྒྱས་ཏེ། ལྷ་ས་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར་དེ་ཨ་ནོ·ཧྲི་ཝ་ཆིན་ཀོ་ཡིས་འགྲེལ་བཤད་བརྒྱབ་པའི་གློག་བརྙན་ཁྲོད་འགོ་ཚུགས་པ་རེད།
   འདི་ནི་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར་བོད་དུ་སྤེལ་ཐེངས་དང་པོ་ཡིན་ཞིང་། གློག་བརྙན་གཟའ་འཁོར་ཟླ་འདིའི་ཚེས་14ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་ལྟད་མོ་བ་ཚོར་མིག་གི་གསོལ་སྟོན་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད།
   “འདི་ནི་ངས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་པའི་གློག་བརྙན་ལྟ་ཐེངས་དང་པོ་ཡིན། 《ངོ་མཚར་ཆེ་བའི་རྒྱ་མཚོ》མ་བལྟས་གོང་ངས་རྒྱ་མཚོ་མཐོང་མྱོང་མེད། གློག་བརྙན་འདི་བལྟས་རྗེས་རང་བྱུང་ཁམས་ཀྱི་ངོ་མཚར་ཟབ་མོ་ཚོར་བྱུང་། གློག་བརྙན་གཞན་དག་ལ་རེ་སྒུག་ཆེན་པོ་ཡོད”ཅེས་འགོ་ཚུགས་གློག་བརྙན་བལྟས་པའི་ལྷ་སའི་གྲོང་མི་ལྷ་འཛོམས་ཀྱིས་བཤད།
    ལོ་བཅུ་གྲངས་མང་པོའི་འཕེལ་རྒྱས་བརྒྱུད། གློག་བརྙན་གཟའ་འཁོར་དེ་ཨེ་ཤེ་ཡའི་ཁྱབ་ཁོངས་ཀྱི་ལྗང་མདོག་གློག་བརྙན་འགྲེམས་ཚོགས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། 2018ལོར་སྒྲིག་འཛུགས་ཨུ་ལྷན་ལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་89ཡི་འགྲེམས་ཞུགས་གློག་བརྙན་1051འབྱོར་བ་དང་། སྒྲིག་འཛུགས་ཨུ་ལྷན་གྱིས་ལེགས་འདེམས་བྱས་པ་བརྒྱུད་གློག་བརྙན་45འགྲེམས་སྟོན་ལ་ཚུད་ཡོད། འགྲེམས་ཞུགས་གློག་བརྙན་དེ་དག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་20དང་འབྲེལ་བ་དང《ཉིན་བདུན་ཅུ་དོན་བདུན》དང《ལེ་དབར་ཁྲི་བརྒྱད》སོགས་རྒྱལ་ཁབ་ཕྱི་ནང་གི་སྲོག་ཆགས་དང་རང་བྱུང་བརྗོད་གཞིར་བྱས་པའི་གློག་བརྙན་དང་མཚོ་བོད་ས་ཁུལ་གྱི་མི་དང་། ཁོར་ཡུག དངོས་རིགས་བཅས་ཀྱི་ད་ལྟའི་གནས་ཚུལ་མཚོན་པའི་ལྗང་མདོག་གློག་བརྙན་མང་པོ་ཞིག་ཡོད་པ་རེད།
    སྐབས་འདིའི་གློག་བརྙན་གཟའ་འཁོར་ཐོག་ད་དུང“ལྗང་མདོག་ཡུལ་སྐོར་རིག་གནས”དང“ལྗང་མདོག་འཚོ་བའི་ཕྱིར་སྐྱོད”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཆེད་ལས་རིག་གནས་ཀྱི་གྲོས་བསྡུར་བྱ་རྒྱུ་རེད།
     བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇིགས་མེད་རྡོ་རྗེས“ང་ཚོས་གློག་བརྙན་བརྙན་འཕྲིན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བརྒྱུད། སྤྱི་དམངས་ཀྱི་སྲོག་ཆགས་དང་རང་བྱུང་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་བྱས་ཐོག ལྗང་མདོག་འཚོ་བའི་འདུ་ཤེས་དར་སྤེལ་བཏང་སྟེ་མི་དེ་བས་མང་བ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ལ་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།