ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ལོ་རྒྱུས།༼༤༽

རྩོམ་པ་པོ།   རིན་ཆེན།   ཡིག་བསྒྱུར།       དུས་ཚོད།   2018-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་སུམ་ཅུའི་ཁྲོད་མི་རིགས་བསྡུར་ཚད་དང་མཚོ་འཕགས་མཐོ་ཤོས་དང་།མི་རེའི་ཆ་སྙོམས་ས་རྒྱ་ཆེ་ཤོས།སྣོད་བཅུད་ཆགས་གནས་གལ་ཆེ་ཤོས་ཡིན་ལ།སྔར་ནས་གཙང་པོའི་སྣེ་ཁུངས་དང་རི་མཐོ་འཛོམས་ཁུལ།འབྲི་གཡག་གི་འབྱུང་ཁུངས།གླུ་གར་གྱི་ཕ་ས།ཀྲུང་གོའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད།ཡུལ་ཤུལ་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་སྐྱེ་དགུ་མདོ་ནི་ལོ་རྒྱུས་ཐོག་གི་ཐང་བོད་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་།མཚོ་སྔོན་དང་བོད་ལྗོངས།སི་ཁྲོན་ས་མཚམས་ཀྱི་དམངས་ཁྲོད་ལས་གྲུབ་པའི་ཚོང་ལས་བསྡུ་འགྲེམས་ལྟེ་གནས་ཀྱང་ཡིན།བོད་རྒྱ་མཐུན་སྒྲིལ་གྱི་བདེན་དཔང་དུ་གྱུར་པའི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཐང་བོད་གནའ་ལམ་ཞེས་པ་དེ་ཡུལ་ཤུལ་ནས་བརྒྱུད།མདོར་ན་ཡུལ་ཤུལ་ནི་ལོ་རྒྱུས་རྒྱུན་རིང་ཞིང་རིག་གནས་འོད་སྟོང་འཕྲོ་བ།ཡུལ་སྲོལ་རྣམ་པ་མཚར་བ།ཡིད་དབང་འགུག་ཤུགས་ལྡན་པའི་ས་ཆ་ཞིག་ཡིན་ཟེར་ཆོག


      དཀར་མཛེས་བོད་རིགས་རང་སྐྱོང་ཁལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་ལྷོ་མཚམས་སུ་ཆགས་ཡོད་ལ།རང་རྒྱལ་གྱི་བོད་ཁུལ་ཆེན་པོ་ཨང་གཉིས་པ་ཁམས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།  རྒྱ་ཁྱོན་བསྡོམས་པས་སྤྱི་ལེ་གྲུ་བཞི་མ་ཁྲི་15ཡོད་པའི་བོད་རིགས་ གཙོ་བོ་ཡིན་པའི་ས་གནས་རིམ་པའི་སྲིད་འཛིན་ས་ཁུལ་ཞིག་ཡིན།  མངའ་ཁོངས་སུ་བོད་རིགས་དང་དབྱིས་རིགས། ཧུའེ་རིགས།  སོག་རིགས་སོགས་མང་པོ་ཡོད་ཅིང་། ས་གནས་འདིར་འཚོ་བའི་མི་རྣམས་ཀྱིས་རྒྱུན་རིང་ཞིང་གཏིང་ཟབ་པའི་ཁམས་པའི་རིག་གནས་ཏེ་མཛའ་གཞས་རིག་གནས་དང་གེ་སར་རིག་གནས།  ཤམ་བྷ་ལའི་རིག་གནས།   གསར་བརྗེའི་རིག་གནས།  ཆོས་ལུགས་རིག་གནས། དེ་མིན་གྱི་དམངས་སྲོལ་རིག་གནས་བཅས་འཛིན་སྐྱོང་སྤེལ་གསུམ་བྱས་པ་རེད།