ད་ལོའི་ཞོ་སྟོན་སྐབས་སུ་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར10ཙམ་ལ་སླེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-08-20   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཟླ8པའི་ཚེས18ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཞོ་སྟོན་སྐབས་སུ། ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ཚོང་ར་བདེ་འཇགས་བརྟན་རླིང་ངང་འཁོར་སྐྱོད་བྱེད་བཞིན་ཡོད་དེ། བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི288.98སྣེ་ལེན་བྱས་ཏེ། དུས་མཉམ་ལས20.48%འཕར་བ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར9.81མངོན་འགྱུར་བྱས་ནས་དུས་མཉམ་ལས25.28%འཕར་ཡོད་པ་རེད།

        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། དུས་ཡུན་གཟའ་འཁོར་གཅིག་རིང་གི་ཞོ་སྟོན་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་གོས་སྐུ་གཤོམ་པ་དང་། གནམ་མཚོའི་གོམ་བགྲོད་ཚོགས་ཆེན། ཟློས་གར་འཁྲབ་སྟོན། ཚོང་འདུས་བརྗེ་རེས་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་ལྷ་ས་རུ་གནས་སྐོར་དུ་ཡོང་བར་ཡིད་དབང་བཀུག ད་ལོའི་ཞོ་སྟོན་སྔོན་ཆད་དང་བསྡུར་ན་ཀུན་ཀྱི་དོ་སྣང་བྱ་ཡུལ་མང་པོ་བཀོད་སྒྲིག་བྱས་ཡོད་པས། གྲོང་ཁྱེར་གྱི་སྤྱི་གླིང་དང་། སྤྲོ་གསེང་རོལ་རྩེད་གླིང་། གྲོང་ཁྱེར་ཉེ་འདབས་ཀྱི་སྤྲོ་སྐྱིད་གླིང་བཅས་སུ་གནས་སྐོར་བ་ཧ་ཅང་མང་།
        ལྷ་ས་གྲོང་ཁྱེར་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་སྲིད་འཛིན་དོ་དམ་ཚན་ཁག་གི་མགོ་གཙོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཞོ་སྟོན་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་གྲོང་མི་དང་མང་ཚོགས་རྣམས་ཀྱིས་དགའ་བསུ་ཐོབ་པའི་དུས་ཆེན་གྱི་བྱ་འགུལ་སྤེལ་བར་མང་ཚོགས་རྣམས་བྱ་འགུལ་ཁྲོད་ཞུགས་ཏེ་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་རྣམ་པ་སྐྲུན་ཡོད། ཁོས་བཤད་རྒྱུར། ཞོ་སྟོན་སྐབས་སུ་ལྷ་ས་གྲོང་ཁྱེར་གནས་སྐོར་ཚོང་རར་གསོན་ཤུགས་ལྡན་ཞིང་། ཡུལ་སྐོར་བ་སྔར་བས་དཔྱོད་ཤེས་ལྡན་པར་གྱུར་ལ། རང་འདེམས་ཡུལ་སྐོར་བྱེད་པ་དང་རྐང་ཐང་མར་ཡུལ་སྐོར་བྱེད་པ་སོགས་དུས་ཆེན་རིང་གི་གཙོ་གྲོས་སུ་གྱུར། དེ་མིན་ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་དང་། ཡུལ་སྐོར་ལས་དོན་ཁང་།  ལྗོངས་རྒྱུ་ཁུལ་བཅས་སུ་ད་ལོའི་གནས་སྐོར་བ་སྣེ་ལེན་བྱེད་ཚད་ཆེས་མང་བའི་དུས་ཚིགས་བསུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)